༄༅།།སྨན་མཆོག་གྲུབ་ཐོབ་རིལ་དཀར་གྱི་སྦྱོར་བའི་ཚད་གཞི་དང་སྨན་རྒྱུའི་ངོས་འཛིན་ལས་སྣོན་བྱ་ཐབས་སོགས་ཀྱི་སྐོར་ལ་རགས་ཙམ་དཔྱད་པ།

image_pdfimage_print

ཉི་མ་ཚེ་རིང་།   བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་སྨན་སྦྱོར་སྡེ་ཁག
འགྲོ་བའི་ནད་ཀྱི་སྡུག་བསྔལ་ཇི་བཞིན་གཟིགས།།
ནད་ཀྱི་དགྲ་དཔུང་འཇོམས་པའི་མཚོན་ཆ་ཐོགས།།
མ་ལུས་སྐྱོབ་མཛད་གཡུ་ཐོག་རྣམ་རོལ་བར།།
སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་གསོལ།།
ཞེས་མཆོད་བརྗོད་ཚིག་གི་སྔུན་བསུས་ཏེ་སྐབས་བབ་གླེང་བར་བྱ་བ་ནི་དེང་དུས་ནད་ཐོག་དངོས་ནང་འགྲོ་ཁྱབ་ཆེ་ཞིང་ཕན་ནུས་མྱུར་བ།སྨན་རྒྱུའི་ཁ་གྲངས་ཉུང་ལ་སྦྱོར་བཟོ་བདེ་བའི་སྨན་མཆོག་གྲུབ་ཐོབ་རིལ་དཀར་གྱི་ཐ་སྙད་འདོགས་ཚུལ་དང་།སྦྱོར་བའི་ཚད་གཞི་བསྟན་པ།སྨན་རྒྱུ་སོ་སོའི་ངོས་འཛིན།རྐྱང་པའི་ཕན་ནུས།ལས་སྣོན་བྱ་ཐབས།སྨན་གྱི་ཕན་ནུས།མཇུག་བསྡུ་བ་བཅས་རྣམ་པ་བདུན་གྱི་ཐོག་ནས་ཞུས་ན་འདི་ལྟར་ཏེ།
དང་པོ།ཐ་སྙད་འདོགས་ཚུལ།

  གྲུབ་ཐོབ་རིལ་དཀར་ཞེས་འདོགས་དགོས་དོན་ནི་རང་ཅག་ཁ་བའི་ལྗོངས་འདིར་མཛད་པ་ཤིན་ཏུ་ཆེ་བའི་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་སེམས་ཅན་ནད་ཀྱི་སྡུག་བསྔལ་སེལ་བའི་ཆེད་དུ་གཅོང་ནད་ཞི་བའི་རིལ་བུ་དཀར་པོའི་སྦྱོར་བ་དང་གཉན་རིམས་འཇོམས་བྱེད་རིལ་བུ་དམར་པོའི་སྦྱོར་བ་གཉིས་གསར་གཏོད་དང་སྦྱོར་བཟོ་གནང་བའི་ཡ་གྱལ་ཞིག་ཡིན་ཏེ་སྨན་གྱི་ཁ་མདོག་དཀར་པོའམ་རིལ་རྩི་དཀར་པོ་ཡིན་པའི་ཆ་ནས་དེ་ལྟར་ཐོགས་ཤིང་མིང་གཞན་ལ་ཅོང་ཞི་རིལ་དཀར་རམ་མང་ཚོགས་ཀྱི་ཁ་རྒྱུན་དུ་ཟླ་ཤེལ་དཀར་པོ་ཞེས་སུ་འབོད་བཞིན་ཡང་ཡོད།
གཉིས་པ།སྦྱོར་བའི་ཚད་གཞི་བསྟན་པ།
  གྲུབ་ཐོབ་རིལ་དཀར་གྱི་སྦྱོར་བའི་ཚད་གཞིའི་ཐད་བཞེད་ཚུལ་མི་འདྲ་བ་ཁག་གཉིས་ཙམ་བརྗོད་པར་བྱ་སྟེ།དང་པོ།༡༩༩༥ལོའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཕྲོད་བསྟེན་པུའུའི་སྨན་རིགས་ཚད་གཞིའམ་དེང་དུས་ལག་ལེན་ཡོངས་གྲགས་ཀྱི་ཚད་གཞི།ཨ་རུ་གསེར་མདོག་རྒྱ་མ་༡.༨༠ཅོང་ཞི་(ཚ་བཏུལ་)རྒྱ་མ་༢.༠༠ཧོང་ལེན་རྒྱ་མ་༡.༢༠རེ་སྐོན་རྩི་དམར་རྒྱ་མ་༡.༢༠པུཥྐ་མཱུ་ལའམ་ཁམས་རུ་རྟ་རྒྱ་མ་༡.༢༠བྲག་ཞུན་ཁཎྚ་རྒྱ་མ་༡.༠༠སྦྲང་རྩི་རྒྱ་མ་༠.༥༠བཅས་ཚད་གཞིར་བཟུང་ནས་སྦྱོར་ཚུལ་ཞིག་དང་།གཉིས་པ།ཐང་རྒྱལ་རིལ་བུ་དཀར་དམར་གྱི་གཞུང་གསལ་བྱེད་ལས།ཨ་རུ་གསེར་མདོག་ཆ་དྲུགཅོང་ཞི་ཆ་གསུམ།སྤང་རྩི་དོ་པོ་ཆ་གསུམ།པུཥྐ་མཱུ་ལའམ་ཁམས་རུ་རྟ་ཆ་གསུམ།བྲག་ཞུན་ཆ་ཕྱེད་གཉིས་བཅས་ཚད་གཞིར་བཟུང་ནས་ཁུ་བ་སྦྲང་རྩིས་རིལ་བུ་འདྲིལ་བའི་སྦྱོར་ཚུལ་ཞིགདེ་ལྟར་གོང་གསལ་གྱི་སྦྱོར་བའི་ཚད་གཞི་ཁག་གཉིས་ཏེ་གཙོ་བོ་བྱང་ལུགས་དང་ཟུར་ལུགས་ཀྱི་དབྱེ་བ་ཙམ་ལས་དེང་དུས་ལག་ལེན་ཡོངས་གྲགས་སུ་ཕལ་ཆེ་བ་སྦྱོར་བ་དང་པོ་དེའོ།།
གསུམ་པ།སྨན་རྒྱུ་སོ་སོའི་ངོས་འཛིན།            
  ༡ཨ་རུ་ར་བཤད་པ།ཨ་རུ་ར་ཞེས་ཤིང་སྨན་འབྲས་བུའི་ཁོངས་སུ་གཏོགས་པ་དེར་དབྱེ་བ་རིགས་བརྒྱད་དམ་ལྔར་འདོད་ཀྱང་དེ་ལ་མཆོག་དམན་གྱི་ཁྱད་པར་རིགས་ཀྱི་སྒོ་ནས་དབྱེ་ན་རགས་པ་ལྔར་འགྱུར་ཏེ།ཨ་རུ་རྣམ་རྒྱལ་ནི།ཆག་ཚང་ཀུ་བ་ཞེས་པའི་མཇུག་མ་འདྲ་བའམ་བུམ་པའི་མགྲིན་པ་འདྲ་བ་རོ་དྲུག་དང་ལྡན་པ་ཞིག་ཡོད།ཨ་རུ་འཇིགས་མེད་ནི།འཇིགས་མེད་དམ་འབིགས་བྱེད་ཅེས་ཟུར་ལྔ་པ་ཤིན་ཏུ་འཇོང་བའི་རྣམ་པ་ཅན་རྡོག་ཆུང་ཞིང་ཚི་གུ་མེད་པའི་སུལ་ཅན་ཨ་རུ་ནག་ཆུང་ཞེས་པ་དེ་ཡིན།ཨ་རུ་གསེར་མདོག་གམ་བདུད་རྩི་ཤ་མཐུག་ནི།ཤ་ཤིན་ཏུ་མཐུག་པ་མོན་སོགས་ནས་འོང་བའི་ཨ་རུ་ཤ་ཆེན་དུ་གྲགས་པ་དེ་ཡིན།ཨ་རུ་འཕེལ་བྱེད་ནི།རྩ་རྩེ་རིང་ཐུང་ཆེར་མེད་པའི་དབྱིབས་བུམ་པའི་ལྟོ་བ་དང་འདྲ་བའི་ཟླུམ་བུ་ཁ་དོག་སེར་བ་ལྷོ་མོན་ནས་འོང་བ་དེ་ཡིན།ཨ་རུ་སྐེམ་པོ་ནི།སྐེམ་པོ་སུལ་མང་ཞེས་པའི་ཤ་ཤིན་ཏུ་སྲབ་ཅིང་ཕྱིའི་པགས་པ་ལ་སུལ་མང་བ་རྩ་རྩེའི་མཆུ་གཉིས་རིང་བ་ཨ་རུ་མཆུ་རིང་ཟེར་བ་དེ་ཡིན།གོང་གསལ་དེ་དག་གང་ཡང་ཆེ་ལ་གསེར་མདོག་ལྡན་པ།ཤ་ཆེ་ལ་རུས་པ་སྲ་བ།བཅད་འཕྲོ་འོད་དང་ལྡན་ལ་མཁྲེགས་པ་བཟང་ཞིང་།མ་སྨིན་པ་དང་། སྔོ་ཞིང་ཞན་པ།བརྔོས་པས་ཚིག་པ་སོགས་ནི་ངན་པ་ཡིན།དེ་ལྟར་ཨ་རུ་ར་ལ་མཆོག་དམན་གྱི་ཁྱད་པར་རིགས་ཀྱི་སྒོ་ནས་དབྱེ་ན་རགས་པ་ལྔར་དབྱེ་བ་མ་ཟད་ནད་མི་འདྲ་བར་ཨ་རུ་རའི་སྦྱོར་ཚུལ་མི་གཅིག་པས་འདིར་ཨ་རུ་གསེར་མདོག་ཉིད་དགོས་ཞེས་གསུངས་ཀྱང་དེང་དུས་ཡོངས་གྲགས་སུ་ཕལ་ཆེ་བས་རྒྱ་གར་སོགས་ནས་འདྲེས་ནས་ཁྱེར་ཡོང་བ་དེ་སྤྱོད།
  ༢ཅོང་ཞི་བཤད་པ།ཅོང་ཞི་ནི་རྡོ་སྨན་གྱི་རིགས་ཤིག་སྟེ་དེར་རྩ་བའི་དབྱེ་བ་ནི་ཕོ་དང་།མོ།མ་ནིང་།བུ།བུ་མོ་བཅས་ལྔ་ཡོད་ཅིང་དེ་རེ་རེ་ལ་མཆོག་རབ་འབྲིང་ཐ་མ་ཞེས་དབྱེ་བ་དང་དེ་སོ་སོའི་ངོས་འཛིན་བྱ་ཐབས་འདི་ལྟར་ཏེ།ཕོ་ཅོང་ནི་ངོ་བོ་རྡོ་རིགས་རྟ་སོ་བཅག་པ་ལྟ་བུ་མཁྲེགས་ཤིང་ལྕི་ལ་ཚིལ་བུ་འདྲ་བས།དཀའ་འགྲེལ་ལས།ངོས་འཛིན་ཕོ་ཅོང་སྲ་མཁྲེགས་ལྕི།ཞེས་གསུངས་པ་ལྟར་ཡིན་ཞིང་མཆོག་དམན་དབྱེ་བ་ནི།(༡)མཆོགགྲུ་བཞི་རྒྱམ་ཚྭ་འདྲ་བ་སྟེ་ཇི་ལྟར་བཅག་ཀྱང་གྲུ་བཞིར་འགྲོ་བ་ཡིན།(༢)རབ།སྲ་མཁྲེགས་ལྕི་ལ་རྟ་སོ་བཅག་པ་འདྲ་བ་སུལ་རྩིང་ལ་འོད་ཆེ་བ་ཡིན།(༣)འབྲིང་།ལ་ཕུག་གཤགས་པ་འདྲ་བ་སྟེ་སུལ་འཇམ་ལ་དཀར་ཞིང་དྭངས་པ་ཡིན།(༤)ཐ་མ།དཀར་གོང་ཕལ་པ་འདྲ་བ་སྟེ་འོད་ཆུང་ལ་མཁྲེགས་པའམ་དཀར་གོང་སྲིན་ཅན་འདྲ་བ་ཡིན།མོ་ཅོང་ནི་སྨུག་ཟིལ་བ་ནུ་ལྟ་བུ་གཡའ་འམ་བྲག་གི་སྲུབ་ཏུ་འབྱུང་ཞིང་མཆོག་དམན་ཡང་མི་འདྲ་བ་ཡོད་དེ།(༡)མཆོགཁ་དོག་དཀར་ལ་ཡང་ཞིང་གསོབ་པ་མང་ག་བུར་འདྲ་བ།(༢)རབ།ཤེལ་ཁབ་གཤིབས་པ་འདྲ་ཞིང་སུལ་ཕྲ་ཞིབ་རིང་བ་ཡིན།(༣)འབྲིང་།སུལ་འཇམ་ལ་འཐས་པ་ཆབ་རོམ་ཟར་བུ་འདྲ་བ་འབྱུང་།(༤)ཐ་མ།ཤེལ་གྱི་ཕྱེ་མ་འདྲ་བ་སྟེ་སྣ་ཐུང་ལ་ཞིབ་པ།མ་ནིང་ཅོང་ཞི་ནི་དཀར་དམར་སེར་ལ་སྣ་རིང་མཉེན་ཞིང་བ་སོ་འདྲ་བ་བྱུང་བ།དཀའ་འགྲེལ་ལས།མ་ནིང་ཅོང་ཞི་སྙོམས་ཤིང་མཉེན་པ་སྟེ།ཡང་ན་དུང་གི་དུམ་བུ་འདྲ།བརྐོས་ལེན་བ་སོ་འདྲ་བ་འབྱུང་།ཞེས་གསུངས་པ་ལྟར་ཡིན་ཞིང་མཆོག་དམན་ཡང་མི་འདྲ་བ་ཡོད་དེ།(༡)མཆོགརྡོ་རྒྱུས་ལྟར་འཇམ་ལ་སྣ་རིང་བ།(༢)རབ།འཁྱགས་པའི་རྩེ་ལྡིང་འདྲ་ཞེས་ཞབས་ནས་འཕྱུར་བ་འདྲ་བ།(༣)འབྲིང་།བ་ཡི་ནུ་མ་འདྲ་བ་སྟེ་སྟེང་ནས་ཟགས་པ་འདྲ་བ།(༤)ཐ་མ།ས་མིན་རྡོ་མིན་འདྲ་ཞེས་སྙི་ལ་ནོག་པ།བུ་ཅོང་ནི་དཀར་པོ་གངས་ཐིག་ཅེས་བྱ་ཞིང་སྐྱ་སོབ་སྣ་རིང་མཉེན་ལ་འབོལ་བ་དང་ཆུ་ཚན་ཡོད་སར་འབྱུང་།དེར་མཆོག་དམན་ཡང་མི་འདྲ་བ་ཡོད་དེ།(༡)མཆོགསག་རི་ཆགས་པ་འདྲ་ཞེས་སྲབ་ལ་འབྲུམ་ཅན་སྒོག་ལྤགས་འདྲ་བ།(༢)རབ།  ཞོ་ཡི་སྤྲི་མ་འདྲ་ཞིང་འཇམ་ལ་རྩི་ཆགས་པ།(༣)འབྲིང་།འཕྱིང་པའི་རིས་མོ་འདྲ་སྟེ་དཀར་ལ་སྲབ་པ་འབྲུམ་ཅན་དང་།(༤)ཐ་མ། གད་པ་ཆད་པའམ་ས་ཕག་འདྲ་བ།  བུ་མོ་ཅོང་ཞི་ནི་གཡའ་འམ་བྲག་གི་སྲུབས་དག་ཏུ་སེར་ལ་དྲེག་པ་ཆགས་ཅིང་ཉ་ལྕིབས་འདྲ་བ།(༡)མཆོགཕག་དཀར་གྱི་ཟེ་འདྲ་ཞིང་ཕྲ་ཞིབ་དཀར་ལ་འབོལ་བ།(༢)རབ།འཁྱགས་སོམ་དུམ་བུ་འདྲ་ཞིང་རྟ་སོ་ལྟར་སུལ་རྩིང་པ་ཞིག(༣)འབྲིང་།གངས་ཐིག་ངན་པ་འདྲ་ཞིང་སྙི་ལ་ནོག་པ།(༤)ཐ་མ།རྒོད་བཏུལ་བྱས་པ་འདྲ་ཞིང་དཀར་ཉོབ་ཕྱེ་མ་ལྟ་བུ།དེ་ལྟར་ཅོང་ཞི་རིགས་ལྔ་ལས་ནང་གསེས་ཀྱི་དབྱེ་བ་བཞི་རེ་ཕྱེ་བས་ཉི་ཤུའི་ནང་ནས་དེང་དུས་ཕལ་ཆེ་བ་ཕོ་ཅོང་དང་མོ་ཅོང་གཉིས་ཙམ་སྤྱོད་པའོ།།
  ༣ཧོང་ལེན་བཤད་པ།ཧོང་ལེན་ཞེས་སྔོ་སྨན་རིགས་ཤིག་སྟེ།དེར་རིགས་བཞི་ཡོད་པ་དང་།མཆོག་གྱུར་གཉིས་ནི་སྟོད་ནས་བྱུང་བའི་ལྡུམ་རྩ་དམར་སྨུག་རུལ་པ་འདྲ་བ་དང་སྐྱ་སོབ་སྲོ་ལོ་འདྲ་བ་དེ་གཉིས་ཀ་རོ་ཤིན་ཏུ་ཁ་བ་ཡིན།འོན་ཀྱང་དེང་དུས་དེ་གཉིས་སྤྱོད་པ་ཉུང་།དེ་ལས་དམན་པ་བོད་ཁམས་གར་ཡང་སྐྱེ་བ་ཕོ་མོ་རིགས་གཉིས་ཏེ།འཁྲུངས་དཔེར།ཕོ་ལྡུམ་གཡའ་ཤག་རྫ་ལས་སྐྱེ།ལོ་མ་སྨུག་མཐུག་སྣུམ་པ་ལ།མེ་ཏོག་སྨུག་པོ་འབྲོང་ལོ་འདྲ་བ།རྩ་བ་ཨོག་ཚོམ་འདྲ་བ་ཡིན་པའོ།།མོ་ལྡུམ་ནི་ཉིན་སྲིབ་གཉིས་ཀྱི་རི་ལས་སྐྱེ།ལོ་མ་སྡོང་བུ་ཅུང་ཟད་ཕྲ།ན་དང་སྤང་གི་མཚོ་ལས་སྐྱེ།ལོ་མ་མཐུག་གཉེར་འཕྱངས་པ་ལ།རོ་ནི་ཁ་ལ་ནུས་པ་བསིལ།ཞེས་པ་ལྟར་ཡིན་ཞིང་།ངོས་འཛིན་སྐབས་སྡོང་པོ་དང་མེ་ཏོག་ཡོད་མེད་ལ་བལྟོས་ནས་ཕོ་མོར་དབྱེ་བ་ཙམ་ལས་དོན་དུ་སྨན་རྒྱུ་གཅིག་གོ།
  ༤རེ་སྐོན་རྩི་དམར་བཤད་པ།རེ་སྐོན་རྩི་དམར་ནི་སྔོ་སྨན་གྱི་རིགས་ཤིག་སྟེ།གཡའ་སྤང་ལ་སྐྱེ་ཞིང་ལོ་མ་སྔོ་སིབ་ས་ལ་བགྲད་པ།མེ་ཏོག་དཀར་སེར་ཆུང་ལ་མཛེས་པ།རྩ་བ་རྐང་གཅིག་ཡིན་ཞིང་ཁ་དོག་དམར་ལ་དྲི་ཞིམ།རོ་ནི་ཁ་བའོ།།
  ༥བྲག་ཞུན་བཤད་པ།བྲག་ཞུན་ནི་གཏེར་དངོས་ལས་བྱུང་བའི་རྩི་སྨན་གྱི་རིགས་ཤིག་སྟེ།དེའི་འབྱུང་ཁུངས་གཙོ་བོ་ནི་བྲག་གི་གས་གསེང་སྲུབ་སོགས་ནས་བུར་ཞུན་ལྟར་བྲག་གི་བཅུད་ཁུ་བ་འགྲིམ་ནས་འབབ་པ་དེ་ཡིན།དེ་ལ་རིགས་ལྔ་སྟེ།(༡)  གསེར་ཞུན་ནི་ཁུ་བ་གུར་གུམ་ཆུ་དང་འདྲ་ཞིང་གསེར་གྱི་གཡའ་འདྲ་བྲོ་བ་ཡིན།(༢)དངུལ་ཞུན་ནི་ཁ་དོག་དྭངས་ཤིང་སྐྱ་ལ་ཞོ་སྤྲི་འདྲ་བ།རློན་དུས་འོ་མའི་སྤྲིས་མ་འདྲ་ལ་རོ་ཁ་ཅུང་ཟད་དངུལ་དྲི་བྲོ་བའོ།། (༣)ཟངས་ཞུན་ནི་དམར་ཞིང་ཅུང་ཟད་ལྗང་ཁུ་དང་རློན་དུས་ཁ་དོག་དམར་སྐྱ་འབྱུང་བ།ཟངས་ཀྱི་དྲི་རོ་ཅུང་ཟད་ཡོད་པའོ།།(༤)ལྕགས་ཞུན་ནི་ཁ་དོག་སྔོ་ནག་དང་རློན་དུས་རམ་ཁུ་འདྲ་ཞིང་།ལྕགས་ཀྱི་དྲི་རོ་ཅུང་ཟད་ཡོད་པའོ།།  (༥)ཞ་ཉེའི་ཞུན་ནི་དངུལ་གྱི་མདོག་དང་མཚུངས་ཤིང་རློན་དུས་ཞོ་ཡི་ཁ་ཆུ་འདྲ་བ།ནུས་པ་ཅུང་ཟད་དམན་པའོ།།དེ་ལྟར་བྲག་ཞུན་རིགས་ལྔ་ཙམ་མཆིས་ཀྱང་དེང་དུས་དེ་རེ་རེ་དབྱེ་སེལ་དཀའ་བས་ཕལ་ཆེ་བས་བྲག་གི་ཞུན་དང་བྱ་མ་བྱིའུའི་བྲུན་གཉིས་ལྷན་དུ་འདྲེས་པ་དེ་སྤྱོད་པ་ཡིན།
  ༦པུཥྐ་མཱུ་ལའམ་ཁམས་རུ་རྟ་བཤད་པ།དེ་ནི་ལྡུམ་བུ་ཐང་སྨན་གྱི་རིགས་ཤིག་སྟེ།པུཥྐ་མཱུ་ལ་ཞེས་ཁམས་རུ་རྟ་ལ་ངོས་འཛིན་ཞིང་།དེ་ཡང་རུ་རྟ་དཀར་ནག་གཉིས་ལས་དཀར་པོའི་ཁོངས་སུ་གཏོགས་ཤིང་།རང་ལྗོངས་ཀྱི་ཆབ་མདོའི་འཇོ་མདའ་དང་།གོ་འཇོ་སོགས་རྫོང་འགའ་དང་།དཀར་མཛེས།རྔ་བ་སོགས་ཁམས་ཡུལ་ནས་འབྱུང་ཞིང་།རྩ་བ་སེར་སྐྱ་སྲ་མཁྲེགས་ཕྱིའི་ཤུན་པ་ལོ་རེ་བཞིན་བརྗེ་བ།ཕྱི་ངོས་སུ་སེག་རྡར་གྱི་རི་མོ་ཡོད་པ་དེ་ཡིན།གཞན་ཡང་ཤ་ཕོ་རུ་རྟའམ་རུ་རྟ་ནག་པོ་ཞེས་རྒྱ་གར་དང་ལ་སྟོད་ཏི་སེའི་ཕྱོགས་དང་རྒྱ་ནག་གི་ཡུན་ནན།ཀོང་ཤིས་སོགས་ནས་རི་སྐྱེས་ཞིང་འཛུགས་ཅི་རིགས་བྱས་པ་ལས་འབྱུང་ཞིང་།དེའི་རྩ་བ་སྦོམ་ལ་རགས་པ་མདོག་ཁམ་སེར།ཕྱི་སྲ་མཁྲེགས་ལ་ཁོང་ཅུང་ཟད་སོབ་པ།དྲི་ཆེ་ཞིང་ཡལ་ག་གྱེས་པ།སྐམ་པོ་ཤ་ཕོའི་ར་རྒན་འདྲ་བས་སྔ་དུས་ཤ་ཕོ་རུ་རྟ་ཞེས་ཟེར་སྲོལ་ཡོད་པ་དེ་ཡིན།སྨན་ནང་སྤྱོད་པ་ནི་འདི་གཉིས་ཀའི་རྩ་བ་ཡིན།གོང་གསལ་པུཥྐ་མཱུ་ལའམ་ཁམས་རུ་རྟ་དང་ཤ་ཕོ་རུ་རྟ་གཉིས་ལས་སྦྱོར་བ་འདིར་པུཥྐ་མཱུ་ལའམ་ཁམས་རུ་རྟ་སྤྱོད་དགོས་པ་གསུངས་ཀྱང་དེང་དུས་ཁག་གཅིག་གིས་ཤ་ཕོ་རུ་རྟའམ་རུ་རྟ་ནག་པོ་དེ་སྤྱོད་པ་ཡང་འདུག་གོ།                                                     
  ༧སྦྲང་རྩི་བཤད་པ།སྦྲང་རྩི་ནི་སྲོག་ཆགས་ལས་བྱུང་བའི་རྩི་སྨན་གྱི་རིགས་ཤིག་སྟེ།སྦྲང་ནོར་བུས་མེ་ཏོག་སྣ་ཚོགས་ཀྱི་རྩི་བཅུད་འཇིབ་ནས་བསགས་པ་ལས་བྱུང་བའི་རྩི་སྨན་ཞིག་སྟེ།དེར་དཀར་སྨུག་གཉིས་ལས།དཀར་པོ་དེ་རོ་ཤིན་ཏུ་མངར་བ་ཁར་ཟོས་ཚེ་རྩི་མེད་པ་སྟེ་བཟང་བའོ།།
  ༨སྤང་རྩི་དོ་བོ་བཤད་པ།སྤང་རྩི་དོ་བོ་ནི་སྔོ་སྨན་གྱི་རིགས་ཤིག་སྟེ།དེར་རིགས་གསུམ་སྟེ།སྤང་རྩི་དོ་བོ་ལུག་རྩི་དོ་བོ་དང་།སྤང་རྩི་སྦྱར་བག་ཅན་དང་གསུམ།འཁྲུངས་དཔེར།སྤང་རྩི་དོ་བོ་ཁ་ལུང་སྐྱེ།ལོ་མ་འདབ་མར་ཉག་ག་མེད།སྡོང་པོ་རིང་ལ་མེ་ཏོག་དཀར།རྒས་པ་མི་རྒན་མགོ་བོ་འདྲ།ཞེས་གསུངས་ཞིང་རོ་ནི་ཁ་བ།དེང་དུས་སྨན་དུ་རྩ་བ་དང་ལོ་སྡོང་འདྲེས་མ་དེ་སྤྱོད་པ་ཡིན།སྨན་རྒྱུ་འདི་ཉིད་འདིར་ཟུར་ལུགས་ཀྱི་བཞེད་པ་ལྟར་བྲིས་པ་ཙམ་ཡིན།།
བཞི་པ།རྐྱང་པའི་ཕན་ནུས།
  ༡ཨ་རུ་རའི་སྤྱི་ཡི་ནུས་པ་ནད་རིགས་ཀུན་ལ་མཆོགཁྱད་པར་ནད་རིགས་སོ་སོར་དམིགས་གསལ་གྱི་ཕན་ནུས་ཡོད་པའི་ཨ་རུ་ར་སོ་སོའི་ནུས་པ་ནི།རྣམ་པར་རྒྱལ་བ་འཆང་བས་བཀྲ་ཤིས་པའི་དོན་དང་ལྡན།བསམ་པའི་དོན་ཀུན་འགྲུབ།བསྟེན་པས་རླུང་མཁྲིས་བད་ཀན་འདུས་པའི་ནད་རྣམས་སེལ།བདུད་རྩིས་ལུས་ཟུངས་གསོ།བཅུད་ལེན།ཤ་རྒྱས།རླུང་གི་ནད་ལ་མཆོགའཕེལ་བྱེད་ཀྱིས་རྨ་གསོ།ཆག་གྲུག་སྦྱོར།ཚེ་རིང་དུ་འཚོ།སྐེམ་པོས་བྱིས་པའི་ནད་གདོན་འཇོམས་ཤིང་མཁྲིས་ཚད་སེལ།  སྤྱིར་མཁྲིས་པའི་ནད་ལ་གཏོང་བ་མཆོགམཆུ་སྙུང་གིས་ནད་རྣམས་ཐུར་དུ་འཁྲུ་བར་བྱེད་པས་བཤལ་སྨན་གྱི་སྐབས་སུ་འདི་ཉིད་དམིགས་གསལ་དགོས་པ་ཡིན།འཇིགས་མེད་ཀྱིས་གདོན་ནད་དང་།མིག་གི་ནད་རྣམས་སེལ།
  ༢ཅོང་ཞིའི་ཕན་ནུས་ནི་ཚ་གྲང་འཁྲུ་བ་གཅོད།བད་ཀན་ཚ་བ་སེལ།འདུས་པ་སྨུག་པོའི་ནད་ལ་མཆོགཚ་གྲང་ཀུན་ལ་བདུད་རྩི་འདྲ།རུས་པའི་དྭངས་མ་གསོ།
  ༣ཧོང་ལེན་གྱི་ཕན་ནུས་ནི་ངན་ཁྲག་སྐེམ་ཞིང་ཁྲག་མཁྲིས་རྒྱས་པ་དང་ཚད་པའི་རིགས་ཀུན་འཇོམས་ཤིང་།ཁྱད་པར་འཁྲུགས་ཚད་དང་དོན་ཚད་སེལ།དུག་འཇོམས།གླང་ཐབས་དང་།ལྷོག་པ།གཟེར་ཐུང་སོགས་ལ་ཕན།
  ༤རེ་སྐོན་གྱི་ཕན་ནུས་ནི་ཁྲག་ངན་སྐེམ་ཞིང་ཁྲག་ཚད་འཇོམས།སྨུག་པོའི་ནད་དང་རྩ་ཚད་སེལ་བར་བྱེད་དོ།། 
  ༥བྲག་ཞུན་གྱི་ཕན་ནུས་ནི་ཚད་པའི་ནད་རིགས་སྤྱི་དང་།ཁྱད་པར་ཕོ་བའི་དུག་ཚད།མཆིན་ཚད།མཁལ་ཚད་འཇོམས།ཆུ་སྲི་འབྱིན་པ་དང་།མཆིན་ནད་རྙིང་པར་ཕན།
  ༦པུཥྐ་མཱུ་ལའམ་ཁམས་རུ་རྟའི་ཕན་ནུས་ནི།རྒྱུད་བཞིར།པུཥྐ་མཱུ་ལས་བད་ཀན་ཚ་བ་སེལ།ཞེས་གསུངས་པ་དང་གཞན་ཡང་རླུང་ཁྲག་འཐབ་པ་དང་ཕོ་ལོང་སྦོ་འཁྲོགས་བྱེད་པ་སེལ་ཞིང་གློ་བའི་ནད་དང་།ཚད་འཁྲུགས་གཉན་ནད་སྲོག་རླུང་འཇོམས་པ།ནུས་པ་རྣོ་བས་སྐྲན་དང་བད་ཀན་བཤིག་པ།གག་པ་ཤ་རོ་ལ་སོགས་གཅོད་པའི་ནུས་པ་ལྡན་པ་ཡིན།
  ༧སྦྲང་རྩིའི་ཕན་ནུས་ནི་བད་ཀན་གྱི་ནད་དང་ཆུ་སེར་སེལ།བྱང་ཁོག་དང་ཡན་ལག་གི་རྨ་ལ་ཕན།རྩ་དང་དབང་པོ་གསོ།ཚོ་ཆེས་སམ་སྦོམ་པོ་འབྲི། ཀྲུང་ལུགས་ལ་སྦྲང་རྩིས་མིག་སོགས་དབང་པོ་གསལ་བ་དང་དྲི་མ་འགག་པ་འབྱིན་པ།མེས་ཚིག་གི་རྨ་ལ་ཕན་པ།སྨན་ཆེན་གྱི་དུག་འཇོམས་ནུས་བཅས་ཡོན་ཏན་ཆེན་པོ་དང་ལྡན་པར་བཤད།
  ༨སྤང་རྩི་དོ་བོའི་ཕན་ནུས་ནི་རིམས་དང་།དུག་ཚད།ཚ་བ་གསར་རྙིང་།ཁྲག་ནད།དྲེག་གྲུམ།རྒྱུ་གཟེར།ཚ་འཁྲུ་ལ་སོགས་སེལ།
ལྔ་པ།ལས་སྣོན་བྱ་ཐབས།
  ༡ཨ་རུ་ར་སྟེ་སྤྱི་ཟླ་༩-༡༡བཏུས་ཏེ་ཤ་རུས་འཕྲལ་ནས་རུས་པ་དོར་ཏེ་ཤ་རྣམས་སྨན་དུ་སྤྱོད་རྒྱུ།
  ༢ཅོང་ཞི་ཆུ་གཙང་གིས་དག་པར་བཀྲུས་ཏེ་ཆེ་ཆུང་རྒྱ་སྲན་ཅམ་བརྡུངས་ལ་བོང་དམར་ཕྱེ་མ་དང་ཟེ་ཚྭ་གཉིས་བླུགས་ཏེ་ཆུར་བཙོས་པའི་ཁུ་བ་སེར་ཤས་ཕྱིར་འཕོ་ཆུ་གྲང་གིས་ཡང་ཡང་བཤལ་ནས་ཆུ་མདོག་སྔོ་ཁྲོལ་བྱུང་ན་དུག་ཐོན་པས་སྐམ་ནས་སྨན་དུ་སྤྱོད་རྒྱུ།
  ༣ཧོང་ལེན་ཏེ་རྩ་ལོ་མེ་འབྲས་ལྷན་ཅིག་སྤྱི་ཟླ་༧-༩བཏུས་ཏེ་ས་དྲེག་སོགས་གཙང་མར་བཀྲུས་ལ་སྔོ་འཆོལ་རྨ་ཕབ་བསིལ་སྐམ་བྱས་ནས་སྤྱོད་རྒྱུ།
  ༤རེ་སྐོན་རྩི་དམར་ཏེ་ལོ་སྡོང་མེ་འབྲས་ལྷན་ཅིག་སྤྱི་ཟླ་༧-༩བཏུས་ཏེ་ས་དྲེག་སོགས་གཙང་མར་བཀྲུས་ལ་སྔོ་འཆོལ་རྨ་ཕབ་བསིལ་སྐམ་བྱས་ནས་སྤྱོད་རྒྱུ།
  ༥བྲག་ཞུན་དེ་ས་རྡོ་བྲུན་འདྲེས་པ་ཆུ་ཡིས་བསིངས།གླ་རྩི་དྲི་ཐོན་ཙམ་བཏབ་ལ་ཆུ་གཙང་མར་བགྲུངས་པའི་ཁུ་བ་དར་ཚགས་སུ་དྲངས་ནས་ཁཎྚ་བཟོས་ཏེ་སྤྱོད་རྒྱུ།
  ༦པུཥྐ་མཱུ་ལའམ་ཁམས་རུ་རྟ་དེ་སྤྱི་ཟླ་༨-༩རྩ་བ་བརྐོས་ནས་གཙང་མར་བཀྲུས།ཁ་གཤགས་ནས་ཉི་སྐམ་བྱས་ཏེ་སྤྱོད་རྒྱུ།
  ༧སྦྲང་རྩི་དེའི་ནང་ཆང་ཕྲན་ཙམ་དང་ཚག་ཤ་དམར་པོ་མཐེ་བོང་ཙམ་བཏབ་ནས་ལྷོག་ཙམ་བསྐོལ་རྗེས་ཚག་ཤ་དོར་ཏེ་སྙིགས་རོ་ཡོད་ན་རས་ཚགས་ལ་བཙག་སྟེ་དྭངས་མ་དེ་སྤྱོད་རྒྱུ།
  ༨སྤང་རྩི་དོ་བོ་སྟེ་རྩ་ལོ་མེ་འབྲས་ལྷན་གཅིག་སྤྱི་ཟླ་༧-༩བཏུས་ཏེ་ས་དྲེག་སོགས་ཆུར་གཙང་མར་བཀྲུས་ལ་སྔོ་འཆོལ་རྨ་ཕབ་བསིལ་སྐམ་བྱས་ནས་སྤྱོད་རྒྱུ།
དྲུག་པ།ཕན་ནུས་བསྟན་པ།
  ཕན་ནུས་ནི།གྲུབ་ཐོབ་རིལ་དཀར་བཟི་མེད་ཅུང་ཟད་བསིལ།ཕོ་ནད་གསར་རྙིང་དང་།བད་ཀན་སྐྱ་སྨུག་ནད་ཀྱིས་བྲང་ཚ་བ་དང་།ཆུ་སྐྱུར་ལངས་པ།མཆིན་པ་དང་ཁྲག་མཁྲིས་ཀྱི་ནད།དབུགས་མི་བདེ་བ།སྨུག་པོ་གློ་བྱེར།(བད་ཁྲག་བྱེར་བའི་གློ་ནད་)སོགས་ལྡན་འདུས་ཀྱི་ནད་ཀུན་ལ་ཕན་ཞིང་།ནད་ཚ་བ་དང་གྲང་བ་གང་ཡང་རུང་བར་བསྟེན་ཆོག་པའི་འདུ་བ་སྤྱི་སྙོམས་ཀྱི་སྨན་སྦྱོར་ཁྱད་དུ་འཕགས་པ་ཞིག་ཡིན།སྨན་སྦྱོར་ནུས་པ་ཕྱོགས་བསྡུས་ཕན་བདེའི་ལེགས་བཤད་ལས།སྨན་མཆོག་གྲུབ་ཐོབ་རིལ་དཀར་འདིས།འདུ་བ་གང་ལའང་མི་གནོད་ཅིང་།རླུང་དང་མཁྲིས་པ་བད་ཀན་སོགས།བཞི་བརྒྱ་རྩ་བཞིའི་ནད་རྣམས་ཀུན།འདི་ཡིས་མི་སེལ་གཅིག་ཀྱང་མེད།ཞེས་གསུངས་པ་ལྟར་ཡིན་ནོ།།
བདུན་པ།མཇུག་བསྡུ་བ།
  གོང་དུ་ཁོ་བོས་སྨན་སྦྱོར་ལས་གནས་ཐོག་གིས་དགེ་བའི་བཤེས་གཉེན་རྣམ་པའི་ཡང་དག་ཁྲིད་སྟོན་གསོ་སྐྱོང་འོག་དང་ལོ་མང་སྨན་སྦྱོར་བྱ་གཞག་ནང་ལས་བཞུགས་ཉམས་མྱོང་ལ་བརྟེན་ནས་འདིར་སྨན་མཆོག་གྲུབ་ཐོབ་རིལ་དཀར་གྱི་སྐོར་ལ་ཅུང་ཟད་དཔྱད་ཁུལ་བྱས་ཀྱང་དེའི་ནང་ཚིག་གི་འགལ་འཁྲུལ་དང་དོན་གྱི་སྙིང་པོས་དབེན་པའི་གནས་ཇི་སྙེད་ཅིག་མཆིས་པས་སྐྱོན་བརྗོད་ཡོང་རེ་དང་།གཞན་ཡང་བོད་སྨན་ཐོན་སྐྱེད་ཀྱི་བྱ་བཞག་འདི་ནི་མིའི་ཚེ་སྲོག་དང་ཐད་ཀར་འབྲེལ་བ་ཡོད་པའི་དམིགས་གསལ་གྱི་བྱ་བ་ཞིག་ཡིན་པས་ཕྱིས་འབྱུང་འདི་ཉིད་རྒྱུན་འཛིན་ཡག་པོ་ཡོང་ཆེད་ང་ཚོས་སྨན་རྒྱུའི་ངོས་འཛིན་དང་ལས་སྣོན།དེ་བཞིན་སྦྱོར་བ་སོགས་གང་སར་སེར་སྣ་དང་འཕྲལ་སེལ་སླ་བཅོས་ཀྱི་དྲི་མས་མ་འགོས་པར་མཐོང་བ་རྒྱུད་པའི་ཕྱག་ལེན་ཚུལ་བཞིན་སྤེལ་དགོས་པ་གལ་འགངས་ཤིན་ཏུ་ཆེ་བས་དགོངས་འཇགས་འཚལ་ལོ།།

Leave a Reply

Be the First to Comment!

Notify of
avatar
wpDiscuz