༄༅། །ཕྱི་རྒྱུད་རྩ་ཆུའི་ལྷན་ཐབས་འཚོ་བྱེད་མགུལ་པའི་མཛེས་རྒྱན་བཞུགས་སོ།།

image_pdfimage_print

བར་ཞི་ཕུན་ཚོགས་དབང་རྒྱལ།

༄༅། །ན་མོ་གུ་རུ་བེེཌྰུརྱ། །ལྷ་མཆོག་སྨན་བླ་བེེཌྰུརྱ། །བཤེས་གཉེན་ཚུལ་བཟུང་བཀའ་དྲིན་ཅན། །བསྟན་འཛིན་འཇིགས་མེད་དབང་ཕྱུག་ལ། །བཏུད་ནས་རྩ་ཆུའི་བརྟག་ཐབས་འདྲི(འབྲི)། །

དང་པོ། རེག་པ་རྩའི་ལྷན་ཐབས།
དེ་ལ་ནད་མེད་རྒྱུན་རྩ་ནི། །སྐྱེས་བུ་དར་མ་ཁམས་སྙོམས་པའི། །དབུགས་དབྱུང་རྩ་གསུམ་དབུགས་རྔུབ་ལ། །རྩ་གྲངས་གཉིས་འཕར་བཞེད་སྲོལ་བཙན། །དེ་ཡང་ཆེ་ཆུང་དྲག་དལ་དང་། །བྱིང་­རྒྱས་སྡོད་འཐེན་ཐང་གྲིམས་ལྷོད། །མེད་པའི་སྙོམས་པར་ལན་གྲངས་བརྒྱའི། །བར་དུ་འཕར་ན་ངེས་པ་འོ། །
དེ་ལྡོག་དྲུག་འཕར་ཚ་བ་ཆུང་། །བདུན་འཕར་ཚ་བ་འབྲིང་པོ་དང་། །བརྒྱད་འཕར་ཚ་བ་ཆེན་པོ་སྟེ། །དགུ་འཕར་ཚ་བ་མི་བཟད་པ། །བཅུ་འཕར་ཚ་བ་ལ་འདས་པའོ། །བཞི་འཕར་གྲང་བ་ཆུང་བ་དང་། །གསུམ་འཕར་གྲང་བ་འབྲིང་པོ་དང་། །གཉིས་འཕར་གྲང་བ་ཆེན་པོ་སྟེ། །གཅིག་འཕར་དམུ་ཆུའི་འཆི་རྩ་སོགས། །གྲང་བ་གཏིང་འཁར་འཆི་རྩ་ཡིན། །

དེ་ཡང་ཚ་བའི་སྤྱི་རྩ་དྲུག །དྲག་ཅེས་འཕར་ཤེད་ཆེ་བ་དང་། །རྒྱས་ཞེས་ཤ་ཁར་ཡར་ཐོན་པ། །འདྲིལ་ཞེས་ལྕགས་མདའ་བཞིན་དུ་ནི། །ཀྲིལ་ཀྲིལ་ཤ་ནང་ནས་མངོན་པ། །མགྱོགས་ཞེས་འཕར་བའི་བྱ་བ་མྱུར། །གྲིམས་ཞེས་གཞུ་རྒྱུད་བཞིན་དུ་ནི། །ཐེང་ངེ་བྲེང་ངེར་གནས་པ་འོ། །མཁྲེངས་(མཁྲང་)ཞེས་སྟོང་སོབ་མི་བྱེད་པ། །མནན་ན་ཐེང་ངེ་སྲ་བ་འོ། །
དེ་ལ་དྲག་རྒྱས་ཁ་ཚད་དང་། །འདྲིལ་མགྱོགས་བར་གྱི་ཚ་བ་དང་། །གྲིམས་མཁྲེངས་(མཁྲང་)བྱུང་ན་གཏིང་ཚད་དོ། །བསྡུ་ན་ཁ་བར་གཉིས་པོ་ནི། །འཁྲུག་རིམས་ཚ་བ་གསར་པ་དང་། །གཏིང་ཚད་རྙིང་པའི་ཚ་བ་ཡིན། །
གྲང་བའི་སྤྱི་རྩ་དྲུག་པོ་ནི། །ཚ་བའི་རྩ་དྲུག་སོ་སོར་ལྡོག །ཞན་ཞེས་འཕར་ཤེད་ཆུང་བ་དང་། །བྱིང་བ་གཏིང་དུ་བྱིངས་པ་དང་། །གུད་ཅེས་ཁྱུག་གེ་མི་མངོན་ཉམས། །བུལ་བ་འཕར་གྲངས་འགྱངས་སམ་དལ། །ལྷོད་པ་གྲིམས་མིན་ལྷོད་ལྷོད་པོ། །དཔེར་ན་སྐུད་པའི་གྲིམ་ཞིགས་(ཞིག་)བཞིན། །སྟོངས་པ་མཁྲེངས་(མཁྲང་)མིན་སྟོང་སོབ་བེ། །དེ་ཡང་ལྷོད་སྟོངས་གྲང་བ་གསར། །ཞན་བྱིང་གུད་བུལ་རྙིང་པ་འོ། །
རྩ་རྒྱུད་སོ་སོར་བརྟག་པ་ནི། །རླུང་རྩ་རྐྱལ་ལམ་ཁར་འཕྱོ་ཞིང་། །མནན་ན་ནང་སྟོངས་སྐབས་སུ་སྡོད། །མཁྲིས་རྩ་ཕྲ་ལ་གྲིམས་པར་འཕར། །བད་ཀན་སྐྱ་བོ་བྱིང་ལ་རྒུད། །རླུང་ཚད་སྟོངས་ལ་མགྱོགས་པར་གཡོ། །བད་མཁྲིས་ཁ་བྱིང་གཏིང་ན་གྲིམས། །བད་རླུང་རྩ་ནི་སྟོངས་ལ་དལ། །སྨུག་པོ་སྦོམ་ཁེངས་ཀན་རྩ་ཞར། །ཁྲག་རྩ་འབུར་ལ་འདྲིལ་བར་འཕར། །ཆུ་སེར་འདར་ལ་འཕར་ཚུལ་དཀའ། །སྲིན་རྩ་སོར་མོར་འཁྱུད་བཞིན་དུ། །ཞེང་དུ་ལེབ་མོ་ལེབ་མོར་འཕར། །མཛེ་ནི་འདར་ལ་ལྷོག་ལྷོག་འཕར། །འཁྲུགས་ཚད་སྦོམ་རྒྱས་འབུར་ལ་འདྲིལ། །འགྲམས་ཚད་ཕྲ་མཁྲངས་(མཁྲང་)གྲིམས་པར་འཕར། །རིམས་ཚད་ཕྲ་ལ་མགྱོགས་པར་འཕར། །གཉན་ནི་གང་ཞུགས་དོན་སྣོད་ཀྱི། །རྩ་དེ་སོར་མོར་འཁྱུད་བཞིན་དུ། །ལྕམ་དྲལ་དྲག་ཞན་ཆེ་ཆུང་ཅན། །གློ་བུར་ནད་ཆེན་གཟེར་ཐུང་རྩ། །དར་ལྕེ་རླུང་བསྐྱོད་ཇི་བཞིན་དུ། །ཐུང་ཐུང་སྦུད་སྦུད་འཕར་བ་འོ། །སྦྱར་དུག་རྩུབ་ཐུང་ངེས་མེད་འཕར། །ཤ་དུག་ཕྲ་མགྱོགས་ཞན་(ཞར་)བྱིང་རྒྱུ། །མ་སྨིན་ཚ་བ་ཕྲ་མགྱོགས་གཡོ། །རྒྱས་ཚད་དྲག་ལ་གྲིམས་པར་འཕར། །སྟོངས་ཚད་སྟོང་ལ་རྒྱུག་པ་སྟེ། །གབ་ཚད་རྩ་དཔངས་དམའ་ལ་གྲིམས། །རྙིངས་ཚད་ཕྲ་ལ་གྲིབས་(གྲིམས་)པར་འཕར། །རྙོགས་ཚད་གཏིང་ནས་ཕྲ་མྱུར་རྒྱུག །རྨ་ཚད་སྦོམ་མཁྲེངས་(མཁྲང་)མགྱོགས་པར་འཕར། །མདེ་འུ་ཁོང་ནང་དོན་སྣོད་ཕྱོགས། །གང་ལུས་རྩ་ཞར་ལྕམ་དྲལ་བྱེད། །མགོ་ཆག་ཤ་སྐྱོན་མཚོན་(ཚོན་)རྩ་དྲག །རུས་སྐྱོན་ཀན་རྩ་གྲིམས་པ་འབྱུང་། །ཀླད་སྐྱོན་ཆག་རྩ་མགྱོགས་པར་འཕར། །རྣག་རྩ་ཆུ་སེར་དང་མཚུངས་འདར། །རྣག་ཚད་འཕར་ཐག་ཐུང་ཐུང་འབྱུང་། །མ་ཞུ་གསར་པ་སྦོམ་ལ་མཁྲངས་(མཁྲང་)། །རྙིང་པ་ཤེད་ཆུང་རྩ་རྒྱུད་ཕྲ། །དམུ་འོར་སྐྱ་རྦབ་རྣམ་གསུམ་རྩ། །ཕྲ་བྱིང་གཏིང་ན་དམ་ཤེད་ཡོད། །མང་དུ་སྐྱུགས་(སྐྱུག་)རྗེས་རྩ་སྟོད་ཞན། །དེ་བཞིན་འཁྲུ་རྗེས་རྩ་སྨད་ཞན། །
རྩ་ཡི་ནོར་འཕྲང་དྲུག་པོ་ནི། །སྟེང་ཀྱལ་(རྐྱལ་)ཁྲག་གསར་དང་རླུང་རྩ། །ཕྱི་རྒྱུད་རྩ་མདོར་ཞལ་མི་གསལ་བའི་གསལ་བྱེད་དུ་རང་གིས་བཀོདམཆན། གཏིང་མཁྲངས་(མཁྲང་)ཁྲག་ཡིན་སྟོངས་ན་རླུང་། །རྒྱུག་བྱེད་རྒྱས་ཚད་སྟོངས་ཚད་རྩ། །ཤེད་ཆེ་རྒྱས་ཚད་ཆུང་སྟོངས་ཚད། །བྱིང་བྱེད་བད་ཀན་ཁྲག་རྒན་རྩ། །གཏིང་ལྷོད་བད་ཀན་གྲིམས་པ་ཁྲག །
བྱེ་བྲག་གར་བབས་ནད་བརྟག་པ། །མཚོན་(ཚོན་)རྩས་གློ་སྙིང་སྟོད་ནད་བརྟག །ཀན་རྩས་ཕོ་མཆིན་བར་ནད་བརྟག །ཆག་རྩས་མཁལ་རྐེད་སྨད་ནད་བརྟག །ཕྱི་(ཕྱིར་)རྒྱུ་རྩ་དྲག་གདགས་ཀྱི་རྩ། །ནང་རྒྱུ་རྩ་ཞན་སྲིབས་ཀྱི་རྩ། །ཡར་ཟུར་གདགས་རྩས་དོན་ལྔ་བརྟག །མར་ཟུར་སྲིབས་རྩས་སྣོད་དྲུག་བརྟག །དོན་སྣོད་འབྱུང་ཁམས་གཅིག་པ་ལ། །ཚ་གྲང་དུས་གཅིག་འབྱུང་བ་དཀའ། །འོན་ཀྱང་དོན་ཚ་སྣོད་གྲང་དང་། །སྟོད་ཚ་སྨད་གྲང་འབྱུང་སྲིད་ལ། །སྣོད་ཚ་ཡོད་བཞིན་དོན་གྲང་དང་། །སྨད་ཚ་སྟོད་གྲང་འབྱུང་མི་སྲིད། །
འཆི་རྩ་བརྟག་པའི་ཚུལ་འདི་ལྟར། །དར་ལྕེ་བསྐྱོད་ལྟར་ལྷབ་ལྷབ་འཕར། །རེས་དལ་རེས་བྲེལ་ངེས་མེད་བཞིན། །སྡོད་པ་རླུང་གི་འཆི་རྩ་འོ། །ཁྲ་མཇུག་ཕྲིག་ཕྲིག་གཡོ་བ་བཞིན། །གྲངས་རྩིས་མི་ཟིན་མགྱོགས་པར་འཕར། །མཁྲིས་པའི་ནད་ཀྱི་འཆི་རྩ་ཡིན། །ཁང་ཧྲུལ་ཐིགས་པ་གཟགས་པ་ལྟར། །ཤེད་ཆུང་རེ་རེ་འཕར་ནས་སྡོད། །གཅིག་རྗེས་གཅིག་གིས་མི་སླེབས་པ། །བད་ཀན་ནད་ཀྱི་འཆི་རྩ་འོ། །ཆུ་ནང་ཤིང་འགུལ་བཟུང་བ་ལྟར། །འཕར་བ་མནན་ན་འགུལ་མི་ནུས། །རླུང་མཁྲིས་ནད་ཀྱི་འཆི་རྩ་ཡིན། །ཉ་མོ་གཟན་ལ་རྔམ་པ་བཞིན། །ཤེད་ཆེ་ལྷོག་གེ་འཕར་ནས་སྡོད། །བད་རླུང་ནད་ཀྱི་འཆི་རྩར་འདོད། །མཆིལ་པ་རྒུན་བུ་འཐུ་བ་བཞིན། །ཤེད་ཆུང་འཕར་གྲངས་གསལ་པོ་ནི། །རེ་ཟུང་བསྟུད་ནས་སྡོད་པ་ཅན། །བད་མཁྲིས་ལྡན་པའི་འཆི་རྩ་འོ། །སྦལ་པ་དལ་བུས་མཆོངས་པ་ལྟར། །རྩ་སྦོམ་ཤེད་ཆེ་འཕར་ཐག་ནི། །རིང་པོ་རེ་རེ་འཕར་ནས་སྡོད། །བད་ཀན་སྨུག་པོའི་འཆི་རྩ་ཡིན། །གླང་རྒན་ཁ་མཆུ་(ཆུ་)བཞིན་དུ་ནི། །རྩ་ཡི་འཕར་མཚམས་མི་འབྱེད་པར། །གཏིང་འགུལ་མངོན་ཙམ་ན་རར་བྱེད། །དམུ་ཆུའི་ནད་ཀྱི་འཆི་རྩ་འོ། །གློ་བུར་ནད་ཆེན་རྩ་ཤེད་ཞན། །ཡུན་རིང་ཟུངས་ཟད་རྩ་རྒྱས་འཁྲུག །གྲང་ལ་ཚ་དང་ཚ་ལ་གྲང་། །གློ་ཚད་ཤ་དུག་བད་མཁྲིས་དང་། །ཕོ་ཁར་འདྲིལ་སྐྲན་འདི་བཞི་ལ། །ནད་མེད་རྩ་བྱུང་འཆི་རྩ་ཡིན། །མཐའ་སྡུད་འཆི་རྩ་བོལ་ལ་བལྟ། །ལག་རྩ་འཕར་རྒྱུན་མ་ཆད་སྔོན། །བོལ་རྩ་འཕར་རྒྱུན་ཆད་པ་ཡིན། །འཕར་མེད་མ་ཚང་འབྲེལ་འབྱོར་རྟགས། །སྙིང་རྩ་ལྕེ་ནག་འབྲུ་ཚུགས་བལྟ། །གློ་རྩ་སྣ་ཞོམ་ནང་སྤུ་ལྡོག །མཆིན་རྩ་མིག་ལྡོག་སྨིན་མ་འཚོམ། །མཆེར་རྩ་མཆུ་འཕྱང་ལྷེན་སྣ་བརྡིབས། །མཁལ་རྩ་སྒྲ་ཆད་རྣ་བ་འབྱར། །ཞག་གཅིག་གཉིས་གསུམ་ལྔ་བརྒྱད་འཆི། །ན་སྡོད་འཆི་སྡོད་འདྲེ་སྡོད་གསུམ། །ཚབས་ཆེར་ན་དུས་སྡོད་པ་དང་། །གང་ནའི་གནས་སྡོད་ན་སྡོད་ཡིན། །གནས་གྲངས་ངེས་པ་མེད་པར་སྡོད། །དྲག་དལ་སྣ་ཚོགས་འདྲེ་སྡོད་དོ། །གྲངས་དུས་ངེས་སྡོད་འཆི་སྡོད་ཡིན། །ནད་རྐྱེན་འགའ་ཡིས་རྩ་བྱིང་དང་། །སྐྲག་དངངས་རྐྱེན་གྱིས་གབ་པ་དང་། །གདོན་སྦས་རྩ་རྣམས་འཚོ་བའང་སྲིད། །
དེ་ནས་གདོན་རྩ་བརྟག་པ་ནི། །དྲག་ཞན་རྒྱས་བྱིང་མགྱོགས་བུལ་སོགས། །མི་སྙོམས་འགྱུར་ལྡོག་མང་བཞིན་དུ། །གྲངས་དུས་ངེས་མེད་སྡོད་འཐེན་དང་། །ལྕམ་དྲལ་སྙིང་གི་རྩ་ལ་བྱུང་། །དེ་ལ་ལྷ་སྲུང་རྒྱལ་པོ་བརྟག །གློ་རྩ་ཀླུ་བདུད་ཀླུ་བཙན་བརྟག །མཆིན་རྩ་དམ་སྲི་དྲི་མོ་(གྲེ་མོ་)བརྟག །མཆེར་རྩ་དྲི་ཕོ་(གྲེ་ཕོ་)ས་བདག་གཉན། །མཁལ་གཡས་ཀླུ་དང་གཉན་དུ་བརྟག །མཁལ་གཡོན་མཚོ་སྨན་ཀླུ་བསེན་བརྟག །རྩ་ཤེད་ཆེ་ཞིང་འཕར་ཐག་རིང་། །མི་གྲུང་པ་སྟེ་ཆེར་མི་གསལ། །ལག་གཡས་ལ་བྱུང་ཕོ་གདོན་གནོད། །རྩ་ཤེད་ཆུང་ཞིང་འཕར་ཐག་ཐུང་། །མི་གྲུང་པ་སྟེ་ཆེར་མི་གསལ། །ལག་གཡོན་ལ་བྱུང་མོ་གདོན་གནོད། །ནད་ཀྱི་སྒོ་ནས་གདོན་བཟུང་བ། །རླུང་ལ་དཀོར་བདག་རྒྱལ་པོ་གནོད། །གློ་གཟེར་བཙན་བདུད་ཀླུ་བཙན་གནོད། །རིམས་མཁྲིས་མ་མོ་བྱང་སྨན་གནོད། །དམུ་སྐྲན་འབྲས་ལྷོག་ས་ཀླུ་གཉན། །
ཚེ་བརྟག་བླ་རྩར་བརྟག་པ་ནི། །བླ་རྩ་གནས་ན་བླ་ཚེ་གནས། །འགྱུར་ལྡོག་བྱེད་ན་ཚེ་མི་བརྟན། །བྲོས་ན་བླ་ཚེ་ཡར་ཏེ་འཆི། །ཚེ་ཆོག་འཆི་བླུས་ཁུགས་སྲིད་ཙམ། །ཆུ་རྒྱུས་འོག་ནས་མི་རྒྱུ་ན། །བན་བོན་སྲུང་མ་བདུད་དུ་བབས། །སྐྱེ་བོར་ཟོར་ཁ་ཀླུ་གཉན་འགྲས། །ཕོ་གཡས་འཁྱིགས་སྡོད་ཕ་སྤུན་འཆི། །གཡོན་པ་འབྲུབ་སྡོད་བུ་སྨད་འཆི། །གཉིས་ཀ་འཁྱིག་སྡོད་རང་ཉིད་འཆི། །གཅིག་སྡོད་གོད་ཁ་ཁ་ཡོགས་འོང་། །མོ་གཡས་འཁྱིག་སྡོད་ཁྱོ་ཕྱོགས་འཆི། །གཡོན་པ་འཁྱིག་སྡོད་ཕ་མིང་འཆི། །གཉིས་ཀ་འབྲུབ་སྡོད་བུ་ཁྱོ་འཆི། །བླ་རྩ་ནང་སྟོངས་འཕར་བའི་འཕྲོ། །ཇེ་ཞན་བརྒྱལ་ལྟར་འཕར་རྒྱུ་མེད། །དེ་ཚེ་གོད་ཁ་བློ་སྟོང་འོང་། །ཐང་དང་འཁྱིག་ཅེས་སོར་མོར་འཁྲིལ། །ཁ་སྨྲས་མལ་མི་ཐུབ་ཅེས་པ། །གནས་གཅིག་མི་བརྟན་འཕོ་འགྱུར་མང་། །གདོན་རྩའོ་དེ་ཡང་སྦོམ་འབྲུབ་ཕོ། །ཐུང་རྩུབ་མོ་གདོན་དག་ཏུ་བཟུང་། །བླ་རྩ་སྙོམས་པར་ལན་བརྒྱར་འཕར། །ལོ་བརྒྱ་ཐུབ་ཏེ་ལྔ་བཅུ་ཡིས། །ལྔ་བཅུ་ཐམ་པ་ཐུབ་པར་བཤད། །དེ་བཞིན་འཕར་རེས་ལོ་རེ་ཐུབ། །

གཉིས་པ། མཐོང་བ་ཆུའི་ལྷན་ཐབས།
ཐ་མལ་ནད་མེད་ཆུ་བསྟན་པ། །འབྲི་མར་བཞུས་པའི་དྭངས་མའི་མདོག །དཀར་ལ་སེ་(སེར་)བའི་ཞད་ཡོད་པ། །གཅིན་གྱི་རང་དྲི་མི་དུགས་ཙམ། །རླངས་པ་ཆེ་ཆུང་ཡལ་ཡུན་རན། །ཧ་ཅང་མི་ཆེ་མི་མང་དང་། །ཧ་ཅང་མི་ཆུང་མི་ཉུང་བའི། །མེ་ཏོག་ལྦུ་བ་སྙོམས་པ་དང་། །ཀུ་ཡ་མི་ཆེ་མི་ཆུང་བ། །འདྲ་བར་ཆུ་ནང་ཁྱོན་ཀུན་ཁྱབ། །མ་དཀྲུགས་བཞག་ནས་ངད་ཡལ་ཚེ། །སྤྲིས་མ་མི་སྲབ་མི་མཐུག་པ། །དབྱར་དུས་ཀོ་མོག་སྤྲིས་མ་ཙམ། །རླངས་ཡལ་མཐའ་ནས་སྒོར་མོར་ལྡོག །ལོག་རྗེས་དཀར་སེར་དྭངས་པ་ཡིན། །
དེ་ལྡོག་ཚ་བའི་ནད་ཅན་ཆུ། །ཁ་དོག་དམར་རམ་ཡང་ན་སེར། །གར་ལ་དྲི་དུགས་དྲོད་ཆེ་ཞིང་། །རླངས་པ་ཆེ་ལ་ཡུན་རིང་བ། །ལྦུ་ཆུང་སེར་པོ་སངས་སྐྱེན་ཞིང་། །ཀུ་ཡ་ཆུ་དཀྱིལ་ལིང་གིས་འདྲིལ། །སྤྲིས་མ་མཐུག་ཅིང་དྲོད་རླངས་གཉིས། །མ་ཡལ་བ་ལ་ཚ་ལོག་བྱེད། །ལོག་རྗེས་གར་སྨུག་ཚ་ཆུ་ཡིན། །གྲང་བའི་ནད་ཅན་ཆུ་བསྟན་པ། །ཁ་དོག་དཀར་རམ་ཡང་ན་སྔོ། །སླ་ལ་དྲི་དང་དྲོད་ཆུང་ཞིང་། །རླངས་པ་ཆུང་ངུ་ཡུན་ཐུང་བ། །ལྦུ་བ་ཆེ་དཀར་ཡལ་བ་བུལ། །སྤྲིས་མ་ཀུ་ཡ་གཉིས་ནི་སྲབ། །གྲང་བའི་རྗེས་སུ་དལ་བུར་ལྡོག །ལོག་རྗེས་སྔོ་སླ་གྲང་ཆུ་འོ། །
སོ་སོར་བརྟག་ལས་ཚ་དུས་སུ། །ཁ་དོག་ཚུལ་ལ་བརྟག་པ་ནི། །ལུ་མའི་ཆུ་ལྟར་སྔོ་སླ་རླུང་། །སེར་མཁྲིས་དཀར་ན་བད་ཀན་ནད། །དམར་ཁྲག་རྒྱ་ཤལ་ཆུ་སེར་ནད། །མདོག་སྨུག་དྲི་དུགས་སྨུག་པོའི་ཆུ། །ཏིལ་སྣུམ་འདྲ་ན་རིམས་མཁྲིས་རྒྱས། །དམར་སེར་གར་ལ་དྲི་ངན་པ། །འགྲམས་སམ་འཁྲུགས་ཀྱི་ཆུ་ཡིན་ནོ། །མདོག་ནག་མཇའ་ཚོན་འདྲ་བ་དུག །མཆིན་པ་ཁྲག་རྒྱས་ཤིན་ཏུ་དམར། །ཁྲག་ཤས་ཆེ་བ་དམར་སྨུག་གོ །ལོང་ལྷུང་མཁྲིས་པ་ཤིན་ཏུ་སེར། །ཁམ་སེར་དཀར་སེར་བད་ཀན་སེར། །མཁྲིས་རླུང་སྔོ་སྐྱ་བུང་ཞིག་སེར། །སྨུག་སྔོ་རླུང་དང་ཆུ་སེར་རྒྱས། །ཁམ་སྔོ་བད་ཀན་སྐྱ་བོ་རྒྱས། །དཀར་པོ་བད་ཀན་མ་ཞུ་རླུང་། །ཁམ་ནག་ཆུ་སེར་ནག་པོ་དང་། །སྔོ་སྐྱ་ཡང་བ་བད་རླུང་ངོ་། །ལྗང་གུ་རླུང་དང་གྲང་བ་འདྲེས། །བསྡུ་ན་འདི་ལྟར་ཤེས་པར་བྱ། །དཀར་སྔོ་བད་ཀན་དག་ཡིན་ཏེ། །དམར་སེར་སྨུག་པ་ཚད་པ་འོ། །ཁམ་ལ་ནག་ན་རླུང་དག་ཡིན། །
ཚན་དེའི་དུས་སུ་བརྟག་ཐབས་ལས། །རླངས་པ་ཆེ་ཆུང་བརྟག་པ་ནི། །རླངས་ཆེ་ཚ་བ་རྒྱས་པའི་ཆུ། །ཆུང་རིང་ཚ་བ་གབ་བམ་རྙིངས། །ཆུང་ལ་ཡུན་ཐུང་བད་རླུང་གྲང་། །རེས་ཆེ་རེས་ཆུང་ཚ་གྲང་འདྲེས། །
ཚ་དུས་དྲི་མ་བརྟག་ཚུལ་ནི། །དྲི་དུགས་དཀུ་ན་ཚ་བ་ཆེ། །མེད་དམ་ཆུང་ན་གྲང་བ་ཡིན། །ཟས་དྲི་གང་མནམ་དེ་མ་ཞུ། །
ཚ་དུས་ལྦུ་བ་བརྟག་ཚུལ་ནི། །ལྦུ་བ་སྔོ་ཆེ་རླུང་གི་ནད། །ལྦུ་ཆུང་སེར་ཞད་སངས་སྐྱེན་མཁྲིས། །མཆིལ་འདྲ་དཀར་ཞིབ་མང་དུ་གསོག །བད་ཀན་ནད་དེ་དམར་ན་ཁྲག །འཇའ་འདྲ་སྣ་ཚོགས་མདོག་ཅན་དུག །ཕུག་རོན་ཁྲ་ཡིས་གཏོར་འདྲ་བ། །དཀྱིལ་ནས་མྱུར་དུ་མཐའ་ལ་འཐོར། །རླུང་གིས་བྱེར་བའི་ནད་ཀྱི་ཆུ། །དཀྲུག་ཚེ་ལྦུ་བ་ཡེ་མི་ཆགས། །བྱེར་བའི་ནད་དམ་ཡང་ན་གདོན། །བླ་མ་འཇུ་མི་ཕམ་རིན་པོ་ཆེའི་ཉམས་མྱོང་མཆན།་་་་་་་དཀྲུག་ན་ལྦུ་སོབ་འཕྱུར་བུར་འོང་། །ཆུ་གསོག་ནད་དམ་ཡང་ན་གདོན། །སྔ་སོར་བོད་དུ་རང་ཉིད་ལོ་ངོ་བཅུ་དྲུག་རིང་སྨན་སྦྱིན་བྱེད་སྐབས་ཀྱི་ཉམས་མྱོང་མཆན། དཀྲུག་ཚེ་ལྦུ་བའི་གསེབ་ནས་ནི། །ཟིལ་ཟེག་(ཟེགས་)ཚག་སྒྲ་དང་བཅས་འཐོར། །ཁྲག་རླུང་དམུ་ཆུ་སྟོད་འཚངས་ནད། །ལྦུ་བ་སྔོ་འདྲིལ་ཆུང་བ་ནི། །བད་ཀན་གློར་ཞུགས་གློ་ནད་རྒྱས། །ལྦུ་བ་ཆེར་འདྲིལ་དཀར་བ་ནི། །མཆེར་པར་རླུང་ཞུགས་སྦོ་འཁྲོག་འཁྲུ། །ལྦུ་བ་ཆེ་ན་སྐྲན་ནམ་ནི། །བད་ཀན་གློ་རུ་རླུང་ཞུགས་པའོ། །ལྦུ་སྨུག་བད་ཀན་སྨུག་པོ་འམ། །ཡང་ན་སྐྲན་དག་ཡོད་པ་འོ། །ཤིན་ཏུ་ལྦུ་ཆུང་ཁྲག་རོ་ཡོད། །
ངད་ཡལ་དུས་སུ་ཀུ་ཡ་ནི། །མཐུག་ན་ཚ་བ་སྲབ་ན་གྲང་། །ཆེ་ན་ཚ་བ་ཆུང་ན་གྲང་། །ཁྱད་པར་སྤུ་འདྲ་རླུང་གི་ནད། །བལ་འདབ་འདྲ་བ་ཁྲག་མཁྲིས་ཡིན། །སྤུ་རྩེ་བཏུབ་འདྲ་བད་ཀན་གྲང་། །སྤྲིན་དང་འདྲ་ན་གློ་ནད་དེ། །རྣག་འདྲ་ལུས་ལ་རྣག་ཉིད་ཡོད། །ཞབས་སུ་ཙིག་ཙིག་བྱེ་མ་འདྲ། །མཁལ་མར་ནད་ཡོད་ཀུ་ཡ་ནི། །སྐྱ་བོ་ཡམ་ཡམ་ཞོ་ཤི་འདྲས། །ཆུ་སྟེང་ཁྱབ་ན་ལུས་ཀྱི་ཟུངས། །ཚ་གྲང་རླུང་གིས་དཀྲུགས་པ་ཡིན། །ཀུ་ཡའི་ཁ་དོག་ཆུ་དང་མཐུན། །དཔེ་རྙིང་ཞིག་ཏུ་གསལ་བ་འདིར་བཀོད་མཆན། སྦལ་སྒོང་དང་འདྲ་དུམ་བུ་ནི། །ཕོ་བ་སོགས་ལ་སྐྲན་ཡོད་པའོ། །ཀུ་ཡ་ཁར་བྱུང་གློ་སྙིང་ནད། །བར་འབྱུང་མཆིན་མཁྲིས་ཕོ་མཆེར་ནད། །ཞབས་སུ་བྱུང་ན་སྙིགས་མ་སྟེ། །མཁལ་མ་ཆུ་སོ་རྒྱུ་ལོང་དང་། །ལྒང་ཕུག་དག་ལ་ནད་ཡོད་དོ། །
ཁ་དོག་སྦྲགས་མའི་མཚན་ཉིད་བསྟན། །ཆུ་མདོག་དམར་ལ་ཀུ་ཡ་མང་། །སྟེང་བྱུང་གློ་སྙིང་ཁྲག་རྒྱས་ཏེ། །བར་དུ་བྱུང་ན་མཆིན་ཁྲག་རྒྱས། །ཞབས་སུ་བྱུང་ན་མཁལ་མཆེར་ནད། །ཆུ་མདོག་དམར་སེར་ཀུ་ཡ་མང་། །རིམས་ནི་མེ་བཞིན་ཚ་བ་སྟེ། །གློ་སྙིང་ཀླད་པ་ལྡང་དུབ་བྱེད། །བར་དུ་བྱུང་ན་མཆིན་པ་སྟེ། །ཞབས་སུ་བྱུང་ན་རིམས་རྨོངས་བུ། །དོན་སྣོད་འཁྲུགས་པ་དག་ཡིན་ནོ། །ཆུ་མདོག་ཁམ་ནག་བྱུང་བ་ན། །ཀུ་ཡ་ཤ་ཁུའི་རྙོག་མ་འདྲ། །ཤ་རུལ་འབུས་ཟོས་སྙིགས་འདྲ་ན། །མཆིན་འགྲམས་ནང་དུ་ཁྲག་ངན་སོང་། །སྟོད་སྨད་དག་ཀྱང་དེ་བཞིན་ནོ། །ཆུ་མདོག་ཁམ་སེར་ཀུ་ཡ་མང་། །ཁྲག་རླངས་འདྲ་བ་མཆིན་འགྲམས་ནད། །དེ་ཡང་སྟོད་སྨད་གོང་དུ་འོ། །ཆུ་དང་ཀུ་གཉིས་དཀར་བ་ནི། །གྲང་བའི་ནད་དུ་ཤེས་པར་བྱའོ། །ཆུ་དཀར་ཀུ་ནི་གསེར་ཕྱེ་འདྲ། །ཡང་ན་ལྷང་འཚེར་(ཚེར་)དང་འདྲ་འབྱུང་། །མཁལ་མའི་རྩ་སྦུབས་འགགས་པ་སྟེ། །ཉལ་པོ་མི་ནུས་ལྟེ་མཁལ་ནད། །དཀར་དམར་ཆུ་དང་ཀུ་འདྲེས་ན། །ནད་ཀྱང་འདྲེས་པ་དག་ཏུ་འོང་། །ཆུ་དཀར་གར་པོ་འགྱུར་མ་བཏུབ། །མ་ཞུ་བ་ཡི་ནད་དེས་འཆི། །ཆུ་མདོག་རྒྱ་སྐྱེགས་དང་འདྲ་བ། །ཀུ་ཡ་མང་སྟེང་བྱུང་ཀླད་ལྕི། །མགོ་འཁོར་གློ་སྙིང་མི་བདེ་རེངས། །བར་དུ་བྱུང་ན་མཁལ་མཆེར་རླུང་། །ཞུགས་ཏེ་ཞབས་སུ་བྱུང་ན་ནི། །རྒྱུ་ལོང་རླུང་ཞུགས་སྦོ་འཁྲོག་འཁྲུ། །ཆུ་སེར་ཀུ་ཡ་སྟེང་བྱུང་ན། །རླུང་ཚད་གློ་སྙིང་དག་ལ་ཡོད། །སྨྱོ་འབོག་ནད་ཡོད་བར་བྱུང་ན། །རླུང་ཚད་ཤ་རུས་བར་ན་ཡོད། །འཐེང་འདུམ་(གྲུམ་)ཤ་(ཞ་)སྐམ་དག་ཏུ་འགྱུར། །ཞབས་སུ་བྱུང་ན་རྒྱུ་ལོང་ཚད། །སྦོ་འཁྲོག་ཕྱི་ས་འགག་པ་དང་། །ཆུ་སེར་ཀུ་སེར་སྟེང་བྱུང་ན། །མཁྲིས་པ་ཀྵ་ཡ་དག་ཡིན་ཏེ། །ཧ་ཅང་མི་ལྡོག་འཆི་བ་འོ། །ཆུ་དང་ཀུ་ནི་སེར་སྐྱ་ན། །ཤ་སེར་མིག་སེར་བཅོས་སུ་བཏུབ། །དམར་རྩུབ་འཆི་བ་དག་ཡིན་ཏེ། །ཆུ་སྐྱ་ཀུ་ཡ་ཕག་ཟེ་དང་། །སྐྲ་འདྲ་ཐོར་བྱུང་སྟེང་ཡོད་ན། །བད་ཀན་སྐྱ་བོ་ཀླད་སྟེང་སྟོང་། །ཀླད་པ་ཁྲག་གིས་ན་བར་བྱེད། །གློ་སྙིང་མིི་བདེ་འབྱུང་བ་སྟེ། །བར་དུ་བྱུང་ན་ཕོ་མཆིན་ཏེ། །ཞབས་སུ་བྱུང་ན་རྒྱུ་ལོང་དང་། །ཆུ་སོ་ན་དང་སྦོ་འཁྲོག་དང་། །འཁྲུ་བ་བད་ཀན་སྐྱ་བོ་སྟེ། །ཆུ་དང་ཀུ་ཡ་གཉིས་ཀ་ནག །དུག་དང་རིམས་ནད་རྨོང་བུ་སྟེ། །བུས་པ་ལས་བྱུང་ནད་ཚིག་ཟ། །ཆུ་ནི་ལྗང་ནག་ཀུ་ཡ་ལྗང་། །ཁོང་ན་དུག་ཡོད་ཉེན་ཆེའོ། །ཆུ་མདོག་སྔོ་ལ་ཀུ་ཡའང་སྔོ། །བུད་མེད་སྦྲུམ་མ་དག་ཡིན་ནོ། །ཆུ་སེར་ཀུ་ཡ་ནལ་ནལ་བྱུང་། །སྐྱེ་བར་དཀའ་བའི་རྨ་ཡོད་ལ། །སེར་རམ་སྐྱ་བ་ལ་སོགས་ཏེ། །ཇེ་དམར་ཇེ་དམར་སོང་བ་ན། །དེ་ནི་ཆུ་སེར་རྒྱས་ཏེ་འཆི། །
ངད་ཡལ་དུས་སུ་སྤྲིས་མ་ནི། །སྲབ་ན་གྲང་དང་མཐུག་ན་ཚ། །ཚ་ཆུ་སྤྲིས་མཐུག་ལུས་ཟུངས་ཞུ། །གྲང་ཆུ་སྤྲིས་མ་སྲབ་ན་ཡང་། །དམིགས་གསལ་གྲང་ཆུ་སྤྲིས་མཐུག་པ། །ལེན་བཏུབ་ཞག་རྒོད་མེར་སྲེག་ཚེ། །གསུར་དྲི་བྱུང་ན་བཅོས་མི་དགོས། །སྤྲིས་མ་གས་སམ་དུམ་ཆད་སྐྲན། །
རླངས་མ་ཡལ་བར་ལྡོག་པ་ཚ། །ཡལ་རྗེས་གྲང་ནས་ལྡོག་པ་གྲང་། །རླངས་ཡལ་ལྡོག་མཚུངས་ཚ་གྲང་སྙོམས། །
ལྡོག་ཚུལ་སྣོད་ཀྱི་ཁྱད་པར་གྱིས། །གང་སྲབ་མཐའ་ནས་རིམ་ལྡོག་གྲང་། །དཀྱིལ་ནས་ལོང་པོར་ལྡོག་པ་ཚ། །མཐའ་ནས་དབུས་སུ་ཤར་ཤར་ལྡོག །རྙིངས་ཚད་ཡིན་ནོ་ཆུ་ལྡོག་པའི། །སྔོན་ལ་ཀུ་ཡ་སངས་ཏེ་ལྡོག །ཚ་གྲང་འཐབ་བོ་མི་ལྡོག་ན། །ཚ་བ་བྱེར་དང་གྲང་བ་འབྱམས། །གདོན་ཤས་ཆེ་བ་གང་རུང་ཡིན། །
ལྡོག་རྗེས་སྐ་ན་ཚ་བའི་ཆུ། །སླ་ན་གྲང་བའི་ཆུ་རུ་ཟུངས། །
ཆུ་ཡི་ནོར་འཕྲང་ཤན་འབྱེད་ནི། །དཀར་སྔོ་ཀུ་ཡ་མཐུག་པའི་ཆུ། །ལྟར་སྣང་གྲང་ཡང་གཏིང་ཚད་ཡོད། །དམར་སེར་དྲི་ཆུང་ཀུ་ཡ་མེད། །ལྟར་སྣང་ཚ་ཡང་ངོ་བོ་གྲང་། །སྔ་རབས་ཀྱི་སྨན་པ་བགྲེས་པོའི་ཉམས་མྱོང་ཡིག་རྙིངས་ལས་བཀོད་མཆན།་་་་སེན་མོ་ལེགས་ཕྱིས་སྣུམ་མེད་སྟེང་། །དཀར་སྔོའི་ཆུ་ནས་ཐིགས་གཅིག་གཏིགས། །ཐིག་ལེར་འདྲིལ་ན་ངོ་བོ་ཚ། །སེན་མོར་དམར་སེར་ཆུ་ནས་གཏིགས། །ཆལ་གྱིས་བཤལ་ན་ངོ་བོ་གྲང་། །གྲང་ཆུ་ལྡོག་སྐྱེན་ཚ་ཆུ་ནི། །ལྡོག་བུལ་ཚ་གྲང་གབ་པའི་ནད། །ཚ་ཆུ་ལྦུ་མེད་ཁོང་ཤོར་བྱིངས། །གྲང་ཆུ་ལྦུ་མེད་གྲང་བ་འབྱམས། །དམར་པོ་སྟོངས་ཚད་ཁྲག་ཚད་གཉིས། །ཕྱི་རྒྱུད་ཆུ་མདོར་མི་གསལ་བའི་གསལ་བྱེད་དུ་རང་གིས་བཀོད་མཆན། དྭངས་ཤིང་ལྦུ་ཆེ་སླ་བ་རླུང་། །མི་དྭངས་ལྦུ་ཆུང་གར་བ་ཁྲག །སྨུག་པོ་བད་སྨུག་ཆུ་སེར་སྨུག །མི་དྭངས་དྲི་ཆེ་བད་ཀན་སྨུག །དྭངས་ཤིང་དྲི་ཆུང་ཆུ་སེར་སྨུག །སྔོན་པོ་གབ་ཚད་བད་རླུང་གྲང་། །ལྦུ་ཕྲ་སངས་སྐྱེན་གབ་པའི་ཚད། །ལྦུ་བ་ཆེ་དལ་བད་རླུང་གྲང་། །དམར་པོ་མཆིན་མཆེར་མཁལ་མའི་ཆུ། །དམར་སྨུག་ཀུ་ཡ་སྟེང་ཡོད་མཆིན། །ལྗང་ཞད་ཀུ་ཡ་བར་གནས་མཆེར། །སྔ་མ་གཉིས་ལས་མི་དྭངས་པའི། །རུལ་སྙིགས་ཀུ་ཡ་ཞབས་སུ་གནས། །དེ་ནི་མཁལ་མའི་ནད་ཀྱི་ཆུ། །
འཚོ་བྱེད་དབང་ལྡན་གཞུ་པ་དྲང་སྲོང་ཀུན་དགའ་དཔལ་ལྡན་ཞེས་པའི་ཡིག་ལམ་དུ་གསལ་མཆན། ཆུ་ཡི་བུངས་ཆུང་ཚ་བ་དང་། །ཆེ་བ་གྲང་བའི་ཆུ་རུ་བརྟག །ཆུ་ནས་ཐིགས་གཅིག་ལུས་ལ་བྱུག །སྐམ་ཚེ་རེག་ན་རྩུབ་པ་རླུང་། །སྣུམ་ལ་རེག་ཚ་མཁྲིས་པའི་ཆུ། །སྐྱ་སྨུག་སྣུམ་འཇམ་བད་ཀན་ནོ། །འཚོ་བྱེད་ཧ་ཅང་བགྲེས་སོང་ཤངས་ཕོ་སྒང་པ་ཆོས་ལྡན་ལགས་ཀྱི་གསུང་རྒྱུན་འདིར་བཀོད་མཆན། གཞན་ཡང་འབྲོང་གཡག་རྭ་ནང་བླུགས། །དཀྲུགས་ཚེ་ཤོབ་ཤོབ་ཟེར་བ་རླུང་། །ཏིག་ཏིག་སྒྲ་ཐོས་མཁྲིས་པ་དང་། །ཅོབ་ཅོབ་ཟེར་བ་བད་ཀན་ནོ། །
རྩ་ཆུའི་བརྟག་ཐབས་གསལ་པོ་འདི། །སྨན་སློབ་རང་རིགས་བརྒྱུད་འཛིན་གྱི། །བློ་འཛིན་ཆེད་དུ་ཆུ་འབྲུག་ལོར། །གྲོང་ཤར་གཞིས་སུ་ལཀྵྨིས་བྲིས། །
ཞེས་པ་འདི་ནི་ཁྱབ་བདག་སྨན་པའི་རྒྱལ་པོ་སྙིགས་དུས་འགྲོ་བའི་མགོན་དུ་རོལ་པ་བདག་གི་འདྲེན་མཆོག་མཚུངས་མེད་སྔགས་ཆེན་འདར་པ་ཏྰ་བླ་མ་ཆེན་པོར་གསར་སྦྱོར་སྨན་སྣེ་ཉི་ཤུ་རྩ་ལྔའི་སྨན་ཕུད་རབ་རྒྱལ་ཤིང་སྤྲེ་ལོ་དབེན་ས་ཆོས་ཀྱི་ཕོ་བྲང་དུ་ཕུལ་བའི་ཕྱིར་ཕེབས་སུ་སྨན་གྱི་ལག་ལེན་མགོན་པོ་གང་གི་བཀའ་བཞིན་གྲུབ་པའི་ལེགས་སྐྱེས་མཇལ་དར་ཨ་ཤེ་དཀར་གཙང་། རིན་ཆེན་ས་ཟླའི་ཐུམས་(ཐུམ་)བུ་དང་བཅས་སྨན་རྒྱལ་གཡུ་ཐོག་གཉིས་པའི་མིང་གི་ཅོད་པན་བཀའ་བྲིས་མཚལ་ཐམ་འབྱར་མ་སྤྱི་བོར་སྨིན་པའི་བསོད་ནམས་ཀྱི་མེ་ཏོག་ཕོག་པ་དུས་མཐའི་གསོ་འཛིན་གཙང་གཡས་རུ་ཤངས་ཀྱི་སའི་ཆར་སྐྱེ་བའི་མྱུ་གུ་བཟུང་བ་སྒེར་གྲོང་ཤར་བའི་མི་ངོ་ཕུན་ཚོགས་དབང་རྒྱལ་གྱིས་སླར་སློབ་བུ་འགའི་དོན་དུ་མཆན་བཀོད་དང་ཞུས་དག་བཅས་འཕགས་ཡུལ་བཞུགས་སྒར་རྡ་རམ་ས་ལའི་སྨན་རྩིས་ཁང་ཤོད་ཀྱི་སློབ་ཁང་རང་གནས་ལས་ཤག་ཏུ་བགྱིས་པ་དགེ་ལེགས་འཕེལ། །
འདི་ལྟར་བརྩམས་པའི་རྣམ་དཀར་འབྲས་བུ་ཡིས། །
ནད་རིགས་བྱེ་བྲག་མ་འདྲེས་གསལ་རྟོགས་ནས། །
ཚ་གྲང་ནད་ལ་གཉེན་པོ་བསིལ་དྲོད་སྨན། །
སྤྲོད་ལ་ཡོན་ཏན་མགོན་དང་མཚུངས་པར་ཤོག །
དགེའོ།། །།

Leave a Reply

Be the First to Comment!

Notify of
avatar
wpDiscuz