༄༅། །བག་ཆགས་ལུས་ཀྱི་གྲུབ་ཚུལ།

image_pdfimage_print

ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
(ཀློང་ཆེན་མཛོད་བདུན་ལས་ཐེག་མཆོག་མཛོད་ལ་
རིམ་ཁང་༢༥ ཡོད་པའི་ནང་གི་བཅུ་གཅིག་པ་དེ་ཡིན།)
ཁོང་གི་གསུང་འབུམ་ནས་བཏུས།

དེ་ལྟར་གཞི་ལས་འཁྲུལ་པ་ཇི་ལྟར་བཟློག་པའི་རིམ་པ་དང་བཅས་པ་བསྟན་ནས། ད་ནི་འཁྲུལ་དུས་ལུས་ཀྱི་གྲུབ་ཚུལ་བསྟན་པར་བྱ་སྟེ། སྤྱིར་ཁམས་གསུམ་རིགས་དྲུག་སོ་སོ་ལ་ལུས་ཀྱི་སྣང་ཚུལ་རེ་ཡོད་པ་ལས། སྐབས་འདིར་མི་རྣམས་ཀྱི་དབང་དུ་བྱས་ཏེ། སྐྱེ་བ་བཞི་ལས་མངལ་ནས་བཙའ་བའི་རིམ་པ་དང་སྦྱར་ནས་བཤད་པ་ནི།
ཉི་ཟླ་ཁ་སྦྱོར་ལས། ཕ་དང་མ་ཡི་རྒྱུ་རྐྱེན་ལས། །མེར་མེར་པོ་དང་ནུར་ནུར་པོ། །ལྟར་ལྟར་པོ་དང་གོར་གོར་པོ། །མཁྲང་འགྲུར་ཉིད་དང་ཉ་ལྟ་བུ། །རུས་སྦལ་བཞིན་དང་སྦལ་པ་བཞིན། །དེ་བཞིན་ཞག་ནི་བདུན་ཕྲག་བདུན། །ལྟེ་བ་ལས་ནི་ལུས་རྣམས་བསྐྱེད། །ཟླ་དགུ་དེ་བཞིན་ངོ་བཅུ་ན། །ལུས་རྫོགས་མ་ཡི་མངལ་ནས་འཐོན། །དེ་ལྟར་གཟུགས་ནི་ཐ་དད་དུ། །འཁོར་བ་ཉིད་ནས་འཁོར་བའོ།། ཞེས་གསུངས་པའི་དོན་གཏན་ལ་ཕབ་ན།
དང་པོ་དྲི་ཟ་ཉེ་བར་འཇུག་པའི་སེམས་ལུས་འཚོལ་བའི་ཕྱིར་འོངས་པ་དང་། ཕ་མ་འདུ་འཕྲོད་བྱེད་པ་འཛོམ་ནས་མའི་བཤང་ལམ་ནས་ཞུགས་ཏེ། ཕའི་དྭངས་མ་དཀར་པོ་ཡུངས་འབྲུ་ཙམ་མིག་ཆུང་འཚེར་བ་དངུལ་ཆུ་ལྟ་བུ། མའི་རིགས་ཅན་གྱི་རྩའི་དྭངས་མ་དམར་པོ་ལ་ཐིམ་པར། མའི་མངལ་དུ་ཁྲག་དང་འོ་མ་འདྲེས་པ་ལྟར་གཅིག་ཏུ་གྱུར་པ་ལས། ལུས་འགྲུབ་པའི་ཚུལ་བཤད་ན་ཐོག་མ་ལུས་ཆགས་པའི་རྟེན་ནི་འབྱུང་བ་བཞི་ལས་སྟོང་པ་ནམ་མཁའ་ལྟར་གནས་པ་ལས། ཕ་མ་དེ་དག་གི་རང་བཞིན་གྱི་ཉོན་མོངས་པ་དང་རྩ་འདབ་ཀྱི་རླུང་ལས་འདོད་པའི་སེམས་གཡོས་པས། རྩ་གནས་ཀྱི་ཡི་གེའི་རླུང་གི་རང་སྒྲ་ཡཾ་ཞེས་པའི་ངང་ལས་མེའི་འདོད་པ་དངོས་སུ་མཆེད་ནས། རཾ་ཞེས་རང་སྒྲ་གཡོས་པས་འབར་ཞིང་འགྱུར་བའི་ཉམས་ལས།

འདོད་པ་དེ་ཆགས་པར་སོང་བས་འདོད་པ་རྒྱུ་དང་ཆགས་པ་རྐྱེན་གཉིས་འཛོམ་སྟེ། དངོས་སུ་འཇུག་པ་ཆུའི་འདོད་པ། གཅིག་ལ་གཅིག་བལྟ་བ་དང་། དགོད་པ་དང་། བཅངས་པ་ལ་སོགས་པའི་ཆགས་པས་ཡི་གེའི་རང་སྒྲ་ཁཾ་ཞེས་གཡོས་ཏེ། འཁྱུད་ཅིང་དབང་པོ་སྦྱོར་བ་ལས། ལུས་ཀྱི་སའི་བརྟན་པས་བདེ་བ་མྱོང་སྟེ། སཾ་གི་རང་སྒྲ་བྱུང་། མའི་རིགས་ཅན་ལྔའི་རྩ་གཏུམས་པ་དེ་ཟླ་མཚན་དང་དུས་ཀྱི་ཞག་བདུན་ཚན་དུ་གྱུར་པ་ལས། དམར་པོ་ལྕགས་ཀྱུ་ལྟ་བུར་འདྲེན་པའི་རླུང་གི་སྟོབས་ཡོད་པ་དེས། ཕའི་དྭངས་མ་རྒྱུའི་རང་བཞིན་སྤྱི་བོ་ནས་དྲངས་ཏེ། རྡོ་ཁབ་ལེན་ལ་ལྕགས་འདུ་བ་ལྟར། ཕའི་སྒལ་ཚིགས་ཉེར་བརྒྱད་ནས་རྟ་བརྒྱུད་དེ་རྒྱུངས་པ་དཀར་པོའི་སྦུབས་ནས་ལམ་བྱུང་བ་ནི། ཞག་བདུན་ཕྲག་བཞི་ན་མའི་མངལ་དུ་ལུས་ཀྱི་གཞི་འཛིན་པ་དང་བུ་ལ་བྱང་སེམས་དཀར་པོ་འབྱུང་བའི་གནད་དོ།། དེ་ནས་རྡོ་རྗེའི་རྩ་བར་བདེ་ཆེན་གྱི་ལམ་སྦྱངས། རྐེད་པར་བདེ་བ་ལུགས་སུ་བླུགས། རྕེ་མོར་བདེ་བ་སྨིན་པར་བྱས་ནས། མཁའ་ལ་དངོས་སུ་འཐོན་ནས་མའི་རིགས་ཅན་གྱི་རྩ་སྣའི་ནང་གི་དྭངས་མ་དམར་པོ་ལ་ཐིམ་ནས། མངལ་དུ་ཁྲག་དང་འོ་མ་འདྲེས་པ་ལྟར་གཅིག་ལ་གཅིག་ཐིམ་སྟེ་གཉིས་ཀྱི་རིགས་ཡོད་པ་ལས། རིགས་ཅན་ལྔའི་ནུས་པས་ཕའི་ཤེས་པ་ཡང་ནང་དུ་འདྲེན་པ་ལྟར་གྱུར་པ་ལས། རྗེས་ལ་ཞེན་པ་དང་བྲལ་ནས་སྐྱུག་མེར་གྱིས་འགྲོ་ཞིང་། མ་ལ་རིགས་ཅན་གང་ཡང་རུང་བའི་འདྲེན་བྱེད་ཡོད་པས་བདེ་བ་ལ་ཆོག་ཤེས་མེད་པ་ནི། འདོད་ཆགས་ཀྱི་རྒྱུ་རྐྱེན་ལས་བྱུང་བའོ།། འདོད་པ་དང་ཆགས་པ་གཉིས། རྒྱུ་དང་རྐྱེན་གཉིས་སུ་བཟུང་བས་ན། སྲིད་པ་ལུས་ཀྱི་གཞི་རླུང་གིས་འཛིན་ཞིང་། རྒྱུ་རྐྱེན་གཉིས་གཉིས་སུ་མེད་པར་ཤེས་པས་བདེ་བ་དང་བདེ་བ་ཆེན་པོའི་འབྲས་བུ་ལ། སྐུ་དང་ཡེ་ཤེས་ཀྱི་འབྲས་བུ་འདྲིལ་བར་འགྱུར་རོ།། དེ་ལྟར་མའི་མངལ་ནས་ཞག་གཅིག་གི་ནུབ་མོ་ཕ་མའི་རྒྱུ་རྐྱེན་གཉིས་ཕྱིའི་རྒྱ་གཅིག་ཏུ་གྱུར་ནས། ནང་མ་འདྲེས་པ་སྲན་མའི་གའུ་ལྟར་གནས་པའི་བར་དུ་བུའི་རླུང་སེམས་བཟུང་ནས་གནས་པས་འབྱུང་བ་བཞིའི་འཆིང་བྱེད་ཀྱི་རྒྱ་རིན་པོ་ཆེའི་སྤྲིས་དང་འདྲ་བས་བཅིངས་ནས་འབྲལ་བའི་སྐབས་མེད་པར་བྱས་པ་ནི། ལུས་རྫོགས་པའི་དུས་ན་ཁམ་གྱི་ཟས་མེད་ན་ཚེ་མི་གནས་པ་དེ་ལས་བྱུང་ངོ་།། དེའི་དུས་ན་འབྱུང་བ་རླུང་གིས་ལུས་བཟུང་བ་དེ་ནང་གི་རླུང་འཕར་བའི་སྟོབས་ཀྱིས་གྱེན་ལ་འཕར་ནས་དངུལ་ཆུའི་ཐིགས་པ་ཡར་བ་ལྟར་ཕྲིལ་ཕྲིལ་གནས་ཏེ། ལུས་རྫོགས་པའི་དུས་ན་ལུས་སེམས་ལ་གློ་བུར་གྱི་རྐྱེན་ཅི་བྱུང་ཡང་སྔངས་ཡེད་ལ་ལུས་འདར་བའི་གནད་དེ་ལས་བྱུང་བའོ།།
དེ་ནས་ཞག་གཉིས་པ་ལ་སས་གཅིག་ཏུ་བསྲེས་ཏེ་ལྗིད་ཀྱིས་མནན་པས་བུ་དེའི་སྤྱི་གཙུག་ནས་རིས་མནན་པ་ཙམ་གྱི་སྡུག་བསྔལ་ཡོད་དོ།། འདིའི་དུས་ན་ལུས་ཀྱི་རྒྱུ་ཤ་ཙམ་སྨིན་ཙམ་དུ་བཟུང་ལ། རྐྱེན་རྩ་ཙམ་ཆུ་ཙམ་དུ་མཆེད་པས། གཏི་མུག་གི་རྒྱུ་རྐྱེན་གཉིས་སུ་མེད་པ་ལས། མི་རྟོག་པའི་ཡེ་ཤེས་སུ་གྲོལ་བས་རྫོགས་པ་ཆེན་པོ་སྤང་བླང་ལས་འདས་པའི་གནད་དོ།། གོང་མ་ལུས་ཀྱི་རྒྱུ་རླན་ཙམ་ཁྲག་ཙམ་དུ་ཆགས་པས་རྐྱེན་ཆུ་ཙམ་རྒྱུས་ཙམ་དུ་འབབ་པའོ།། དེ་ནས་ཀྱང་ཞག་གསུམ་པ་ལ་རླུང་སེམས་རྒྱུ་རྐྱེན་དང་བཅས་པ་དེ་མེས་རྡུལ་ཕྲ་རབ་ཙམ་དུ་བསྲེགས་པས། མེ་དམར་པོའི་འོབས་སུ་ཚུད་པ་ཙམ་གྱི་སྡུག་བསྔལ་མྱོང་ངོ་།། འདིའི་དུས་ན་ལུས་ཀྱི་རྒྱུ་རླུང་ཙམ་དུ་སྣང་ལ། རྐྱེན་རྐང་ཙམ་མར་ཙམ་དུ་འདྲིལ་བས་སོ།། དེ་ནས་ཞག་བཞི་པ་ལ་དེ་དག་རླུང་གིས་དངུལ་ཆུའི་རྡུལ་ཕྲ་རབ་ཙམ་དུ་གཏོར་བས། གསལ་ཤིང་གིས་ཡན་ལག་དུམ་བུར་འཁྱེར་བའི་སྡུག་བསྔལ་ཙམ་མོ།། དེ་ཡང་ཁོང་ཁྲོ་ལས་བྱུང་བའོ།། དེ་ཡང་གོང་གི་ལུས་ཀྱི་རྒྱུ་རྡུལ་ཕྲ་རབ་ཙམ་དུ་སྨིན་པའི་རྐྱེན་བཀྲག་མདངས་སུ་གསལ་བར་བྱས་པ་ནི། ཕྱིའི་འབྱུང་བ་བཞིའི་བྱེད་པའི་ལས་ཀྱི་གཟིངས་པ། ནང་གི་འབྱུང་བ་བཞིར་བཟུང་བས། ལུས་རྫོགས་པའི་ཚེ་ཕྱིར་ནམ་ཟླ་དུས་བཞི། ནང་དུ་ཉིན་མཚན་ནང་ནུབ་བཞི་ལ་སྤྱོད་པ་དེ་ལས་བྱུང་བའོ།། དེའི་གནད་ཀྱིས་དབང་བཞིའི་འགྱུར་མཚོན་པའོ།། དེ་ནས་ཞག་བཞི་པའི་དུས་ན་ཁྱབ་པ་ཆུའི་རྩ་འཕྲོ་ཞིང་གསལ་བའི་ནང་དུ་ཁམས་ཡང་ཞིང་བསྐྱོད་པ་ཆགས་པ་རླུང་གིས་ཡར་ཕུལ་ལོ།། དེ་ལས་ཕྱོགས་བཞི་ཆུའི་ས་དང་། མེ་དང་། རླུང་གིས་རྩ་འདར་བ་དང་། འཁྱུག་པ་དང་། འཁྲིལ་བའི་ནང་དུ་ཡི་གེ་ཁཾ་ལྗང་བ་དང་། དམར་བ་དང་། སེར་བ་གསུམ་རྩ་དེ་དག་དང་མཐུན་པར་འདར་བ་དང་། འཁྱུག་པ་དང་། འཁྲིལ་བར་གནས་པ་ནི་ལུས་རྫོགས་པ་ན་བློའི་འགྱུ་བ་མང་བ་དེ་ལས་བྱུང་བའོ།། དེ་དག་བཞིའི་དབུས་ན་ཚེ་ཞེས་བྱ་བ་བ་ཐག་བསྒྲེངས་པ་ལྟ་བུར་གནས་སོ།། དེ་ཉིད་ཚེ་ཞེས་བྱ། དུས་ཞེས་བྱ། སྐབས་ཞེས་བྱ། དེ་ལས་གནས་པ་དང་། འཕེལ་འགྲིབ་བྱེད་པའོ།། དེ་ཉིད་དྲང་པོར་གནས་ན་ཚེ་རིང་པས། ལུས་སུ་སྨིན་ནས་ས་ལ་ལྷུང་བའི་ཚེ་སྒྲ་ཨཱ་ཡུ་ཞེས་གྲག་པའོ།། ཚེའི་བ་ཐག་གཡོན་དུ་འཁྱིལ་ན་ཚེ་ལ་བར་ཆོད་འབྱུང་སྟེ། སྐྱེས་མ་ཐག་དུ་ཁཾ་ཞེས་སྒྲ་གྲག་གོ། ཐུར་ལ་འཁྱོག་ན་ཚེ་ཐུང་བ་སྟེ། སྐྱེས་མ་ཐག་ཏུ་སྒྲ་ཨ་ཁྲིམ་ཞེས་འབྱུང་ངོ་།། བསྟན་བཅོས་དག་ལས། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་འདི་ལ་བཤད་དོ།། དེ་ནས་ཞག་ལྔ་པ་ལ་ཆུས་དྭངས་པའི་ལུས་འཛིན་པ་དང་། སྐྱེད་པའི་ལས་བྱེད་དོ།། འདིའི་དུས་ན་སའི་རྩ་རབ་ཏུ་བརྟན་ཞིང་འཛིན་པར་ཆགས་ཏེ། དེའི་ནང་དུ་ཡི་གེ་སཾ་སེར་པོ་གསལ་ཞིང་འཚེར་བ་ཆགས་པས། འགྲོ་བའི་སྐད་ཀྱིས་གདངས་དེ་ལ་རྟེན་ནས་འབྱུང་ངོ་།། དེའི་ཕྱོགས་བཞིར་ས་དང་། ཆུ་དང་། མེ་དང་། རླུང་གི་རྩ་འཛིན་པ་དང་སྡུད་པ་དང་ཡས་པའི་ནང་ན་སུཾ་དཀར་པོ་དང་། དམར་པོ་དང་། ལྗང་གུ་རྩ་དེ་དག་དང་མཐུན་པ་རེ་གནས་པས། འགྲོ་ཉལ་འདུག་སྡོད་སྤྱོད་ལམ་རྣམ་བཞིར་དེ་ལས་འབྱུང་བའོ།། དེ་ནས་ཞག་དྲུག་པ་ལ་མེ་དང་རླུང་གཉིས་འདུས་ནས་ལུས་ཀྱི་ཆགས་པ་དང་འཇིག་པའི་ལས་བྱེད་དེ། འདིའི་དུས་མེའི་རྩ་འབར་ཞིང་མཆེད་པའི་ནང་ན་ཡི་གེ་རཾ་རབ་ཏུ་འཚེག་ཅིང་ལྷབ་པ་གནས་ཏེ་འགྲོ་བ་རྣམས་ཀྱི་ཤེས་པ་རྣོ་བ་དང་རྟུལ་བའི་བྱེ་བྲག་རྣམས་ཡི་གེ་འདི་གསལ་མི་གསལ་གྱིས་འབྱེད་པའོ།། དེའི་ཕྱོགས་བཞི་ན་ནང་ཤས་ཀྱི་འབྱུང་བ་བཞིའི་རྩ་མཆེད་པ་དང་། འབར་བ་དང་། སྲེག་པའི་ནང་ན། རཾ་སྐྱེད་པ་དང་། རུཾ་སྟོང་པ་དང་། རཾ་ཉལ་བའི་བརྡ་ཅན་གནས་པས་འགྲོ་བའི་དྲན་བསམ་གྱི་འཁོར་ལོ་དེ་ལ་བརྟེན་ནས་འབྱུང་ངོ་།། དེ་ལྟར་ཞག་དྲུག་རྫོགས་པས་འབྱུང་བ་རང་ངོའི་བྱེད་ལས་ལུས་སུ་ཆགས་པའི་རྟེན་བྱས་ཏེ་གནས་པའོ།། དེ་ལྟར་བཞིས་མ་བྱས་ན་ཕྱིར་འབྱུང་བ་བཞི་ལ་བརྟེན་པའི་ཟས་གོས་ལ་དབང་བར་མི་ནུས་པ་དང་། ནང་དུ་ཆོས་རྣམས་བཞི་ཚན་དུ་མངོན་པར་མི་འགྱུར་བ་དང་། གསང་བར་དབང་བཞིའི་འབྲས་བུ་མི་སྨིན་པས། བཞི་པོ་ཆགས་པའི་རྟེན་དུ་ངེས་པའོ།། དེ་ནས་ཞག་གཉིས་གཉིས་སུ་འབྱུང་བ་གཉིས་གཉིས་ཀྱི་ལས་ཀྱིས་ལུས་ཀྱི་གཞི་གཟུང་བ་ནི། ཕོ་མོ་གཉིས་འདུས་པས་ས་བོན་གྱི་འཕེལ་བྱུང་བ་དང་འདྲ་བར། འབྱུང་བ་ཕོ་མོ་འདུས་པས་ལུས་ཀྱི་ཚོགས་པ་འཕེལ་བར་རིག་པར་བྱའོ།། དེ་ཡང་ཞག་བདུན་པ་ལ་འབྱུང་བ་བཞི་རོ་གཅིག་ཏུ་གྱུར་པ་ལས། རྒྱུ་རྐྱེན་རླུང་སེམས་བཞི། ཤ་ཁྲག་དྲོད་དབུགས་བཞི། རྩ་བཞི། ཡི་གེ་བཞི་པོ་རྣམས་ནུར་ནུར་པོའི་རྣམ་པ་གཅིག་ཏུ་གྱུར་པ་ནི། ཀུན་འདུས་པའི་ཚོགས་པ་དང་བཅས་པར་བྱས་པས། རླུང་གི་རྩ་འཕར་ཞིང་འགྱུ་བའི་ནང་དུ་ཡཾ་འགྱུ་ཞིང་རྒྱུག་པ་ལྟར་གནས་པས། འགྲོ་བའི་དབུགས་ཀྱིས་འགྲོ་འོངས་དང་གང་སྟོང་དུ་བྱུང་བའོ།།
དེ་ལས་སའི་རླུང་རྩ་འཕར་ཡལ་དང་། ཆུའི་སྡུད་མཆེད་དང་། མེའི་བྱེད་སྟངས་གསུམ་གྱི་ནང་དུ་ཡཾ་སྤུངས་འབྱེད། ཡེཾ་བྱེད་སྡུད། ཡོཾ་འཁྲོལ་བདུད་གནས་སོ།། ཡི་གེ་བཞིའི་དབུས་ན་གཟུགས་ཀྱི་ཕུང་པོའི་གཞི་རྡུལ་ཕྲ་རབ་ཏུ་གནས། འདུ་ཤེས་ཀྱི་ཕུང་པོའི་གཞི་དྲོད་རྟ་རྔ་ལ་སྟོང་དུ་བསིལ་བའི་ཆ་ཙམ་གནས། ཚོར་བའི་ཕུང་པོའི་གཞི་དྲན་པ་བ་ཐག་གི་སུམ་ཆ་འཁྱིལ་བ་ཙམ་གནས། རྣམ་ཤེས་ཀྱི་གཞི་ཤེས་བྱེད་ཁ་དོག་གི་འགྱུ་བ་ཙམ་གནས། འདུ་བྱེད་ཀྱི་གཞི་བྱུང་ཚོར་གྱི་སྒོ་ཕྱེ་བ་ལྟར་གནས་སོ།། དེ་ལྟར་རྒྱུ་འབྱུང་བའི་ལས་དངོས་སུ་བྱུང་བས་ཕུང་པོ་ལྔའི་གཞི་དང་། དེའི་རྐྱེན་འདུས་པ་ལས་འདུ་བྱེད་དུ་བྱུང་བ་སྟེ། དེ་དག་ལྔའི་ཕྱི་ནས་འོད་ཁ་དོག་ལྔའི་སྤྲིས་རྒྱའི་སྒྲོ་འཐུམས་པ་ལྟར། གནས་པའི་ནང་གི་རྟེན་ལྔའི་མགོ་ལ་ཛྲཱིཾ་ཁཾ་ཏཱཾ་མཾ་པྱཾ་ལྔས་བརྒྱན་པ་ནི་ཕུང་པོ་ལྔ་རིགས་ལྔར་སངས་རྒྱས་པའི་གནད། ཛྲཱིཾ་ཨཱཾ་ཁཾ་ཧཱུྃ་ཏཱཾ་སྭཱ་མཾ་ཧ་པྱཾ་རྣམས་ཏེ། གནས་པ་བསྒྱུར་བ་ཙམ་ལས་རིགས་ངེས་པའི་སངས་རྒྱས་སུ་འགྱུར་ངེས་པའོ།། དེ་ལྟར་ཆུའི་རྩ་བཞི་སོ་སོའི་ནང་ན་གཞི་གནས་ཀྱི་ཡེ་ཤེས་གསུམ་གྱི་ངོ་མ་ཕྱེ་མི་འབྱེད་འབྱེད་པ་མེད་པར་སྐུ་ཉུངས་འབྲུ་ལ་སྟོང་ཕྲག་དྲུག་ཏུ་བསིལ་བའི་ཆ་ཙམ་ལ་ཞལ་ཕྱག་ཏུ་གསལ་བ་ལ་འོད་ལྔའི་གོང་བུས་བྲེས་པ་རང་རང་གི་སྲོག་རྣམ་པར་དག་པའི་ཡི་གེ་དང་བཅས་པ་ནི། མྱ་ངན་ལས་འདས་པའི་གཞི་འཛིན་པས་ན་གཞི་གནས་ཀྱི་ཡེ་ཤེས་ཞེས་བྱ་བའོ།། སའི་རྩ་བཞི་ན་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་མ་ཕྱེ་མི་འབྱེད་པར་གནས་པ་ནི། འོད་དཀར་སེར་དམར་ལྗང་མཐིང་ག་ལྔའི་ཐིག་ལེ་ཉུངས་འབྲུ་ལ་སྟོང་དུ་བསིལ་བ་ཙམ་གནས་ལ། དེ་དག་རེ་རེ་ལ་འོད་ལྔ་ལྔའི་སྤྲིས་མཛེས་པར་འཁོར་བ་ན་སངས་རྒྱ་བའི་ལམ་འོད་ལྔ་ལས་བྱུང་བའོ།། དེ་ཡང་སོ་སོའི་རིགས་ཀྱི་ཁ་དོག་གིས་མཚན་ཉིད་འཛིན་པས་ན། མཚན་ཉིད་འཛིན་པའི་ཡེ་ཤེས་ཞེས་བྱའོ།། མེའི་རྩ་བཞིའི་ནང་ན་ཤེས་པས་བསྡུས་པའི་གཞི་གནས་པ་ནི་འོད་ཀྱི་འགྲེང་བུ་འཛིན་པའི་ཤེས་པས་བསྡུས་པ་ལྗང་གུར་གནས་པས་བྱ་བའི་ལས་ཀྱི་དབང་གི་འགྱུར་བའོ།། འདས་པའི་ཤེས་པ་ཡེ་ཤེས་འོད་དཀར་པོའི་འགྲེང་བུ་སྐར་མའི་ཕོད་ལྟ་བུར་གནས་པས། ཆོས་ཉིད་ཀ་དག་ལ་ལས་དང་བག་ཆགས་ཀྱིས་མ་གོས་པའི་གནད་དེ་ལས་བྱུང་བའོ།། དེ་ཡང་འཁོར་འདས་ཀྱི་ཤེས་པ་ཙམ་བསྡུས་ནས་གནས་པས་ན། ཤེས་པས་བསྡུས་པའི་ཡེ་ཤེས་ཞེས་བྱའོ།། རླུང་གི་རྩ་བཞི་ན་ཤེས་བྱའི་ཡེ་ཤེས་གཉིས་སུ་མི་རྟོག་པའི་སེམས་པར་གནས་ཏེ། དེའང་འོད་ཀྱི་དྭངས་མ་འདུས་པ་དམར་བ་རང་དོན་རྟོགས་པར་བཞུགས་ལ། སེར་པོ་གཞན་དོན་རྟོགས་པར་བཞུགས་སོ།། དེའང་ཤེས་བྱ་ཡོད་པ་དང་། མེད་པ་དང་། དངོས་པོ་དང་། དངོས་པོ་མ་ཡིན་པ་ཀུན་ཤེས་བྱ་མཁྱེན་པའི་ཡེ་ཤེས་གཉིས་སུ་འདུས་པས་ན། ཤེས་བྱའི་ཡེ་ཤེས་ཞེས་བྱའོ།། དེའང་ལུས་ཀྱི་རྩས་དོན་དམ་དང་ཀུན་རྫོབ་གཉིས་ཀའི་འགག་པ་དང་། སྐྱེ་བ་དང་། གནས་པ་དང་། བདེ་སྡུག་ཐམས་ཅད་མྱོང་བར་བྱེད་པས་ན་རྣལ་འབྱོར་པའི་ལུས་སྐུ་གསུམ་གྱི་བདག་ཉིད་དུ་གནས་པའོ།། དེའང་ལུས་ཆགས་པའི་མཚན་ཉིད་ཤེས་པས་ཆོས་སྐུའི་ངེས་པ་རྙེད། གནས་པ་ཤེས་པས་ལོངས་སྐུ། འཇིག་པ་ཤེས་པས་སྤྲུལ་སྐུར་གནས་པའི་ངེས་པ་རྙེད་པའོ།། དེ་ལྟར་ཞག་བདུན་གྱིས་ལུས་ཀྱི་གཞི་ཐིངས་པ་ནི། བསྙེན་སྒྲུབ་ལས་ཀྱི་མཐའ་ཐམས་ཅད་ཞག་བདུན་གྱིས་བསྡུ་བ་དང་། འབྱུང་བ་སྡུད་མཆེད་ཀྱི་འཕེལ་ཞག་བདུན་གྱིས་འགྲུབ་པ་ལ་དགོངས་པའོ།། ཡེ་ཤེས་དེ་དག་གི་རྟ་རླུང་ཡིན་པས་ལུས་འཇིག་པ་ན། གཏན་མེད་མ་ཡིན་ཏེ་ཡང་ཞིང་བསྐྱོད་པ་ཙམ་ལ་གནས་སོ།། ཡི་གེ་དང་འོད་དང་སྐུ་རྣམས་རིག་པའི་རང་གདངས་ཕྱིར་ཤར་བ་སླར་རིག་པ་ཉིད་ལ་ཐིམ་པ་ཙམ་མོ།། དེའང་རིག་པ་གཞི་གནས་ཀྱི་དུས་ན་ནང་གསལ་ཕྲ་བ་མཆེད་གཞི་ཙམ་ལས། ཁ་དོག་རིས་ཅན་མ་ཡིན་ལ། ལུས་ལ་ཡོད་དུས་གཞི་ལས་སྣང་བ་ཕྱིར་ཤར་ཡིན་པས་འོད་དང་སྐུ་རིས་ཅན་དུ་གྲུབ་པ་བར་དོར་ཡང་སྣང་ལ། ལྷུན་གྲུབ་ལ་ཐིམ་ནས་རིས་སུ་གྲུབ་པ་གང་ཡང་མེད་པས་ཀ་དག་རང་སོར་གནས་པའོ།།
དེས་ན་སྐུ་གསུམ་ལུས་ལ་ཚང་བས་ཡེ་ཤེས་ཀྱི་ལམ་ལུས་ཀྱི་རྩ་ནས་འབྱུང་ངོ་།། དེ་ནས་བདུན་ཚན་གཉིས་པ་ལ་འབྱུང་བའི་བྱེད་ལས་གོང་ལྟར་བྱས་པས། སྐྱེད་བྱེད་དང་པོའི་འཁོར་ལོ་ལ་ཞག་བཅུ་གཅིག་གི་བར་དུ་སྡུད་བྱེད་ཆུའི་རྩ་བརྒྱད་ཀྱི་ནང་དུ། ཡི་གེ་དང་། འོད་དང་། ཀུན་བཟང་ཡབ་ཡུམ་གྱི་སྐུ་དང་བཅས་པ་ནི་རྩའི་འཕེལ་གཞིར་བྱུང་སྟེ། རྩ་དེ་དག་ལས་ཀྱི་རླུང་གིས་འགུལ་ཞིང་འཕྲིལ་བ་ལས། རྩ་བརྒྱད་དུ་བྱུང་བས་འབྱུང་བ་ཕོ་བཞི་མོ་བཞིའི་འཕེན་པས་རྣམ་ཤེས་བརྒྱད་ཀྱི་གཞི། ཚོགས་པ་དུམ་བུར་ངེས་པའི་འགྱུ་བ་མ་འདྲེས་ལ་འགུལ་འཕྲིག་ཡོད་པ་བརྒྱད་དུ་གནས་པའི་ནང་ན། རྣམ་ཤེས་རང་བྱུང་གི་ཡི་གེ་བརྒྱད་བྱུང་བ་ནི། འགྲོ་བ་རྣམས་རྣམ་ཤེས་ཡུལ་ཅན་ལ་ལོངས་སྤྱོད་པ་དེ་ལ་བརྟེན་ནས་བྱུང་ངོ་།། རྩ་བཞི་པོ་དེ་ལས་འགྱུ་བྱེད་འཐབས་པ་ལས་ཁ་སྤུངས་ཞེས་བྱ་བའི་རླུང་གི་རང་སྒྲ་ཡི་གེའི་འགྱུར་མང་པོར་འཕྲོས་པས། སའི་རྩ་བཞིའི་འཁོར་ལོ་གྱེན་ལ་འཕངས་ཤིང་། དེ་གཉིས་ཀྱི་བར་དུ་ཁ་སྤུངས་ཀྱི་རླུང་ཡུངས་འབྲུ་ཙམ་གྱིས་མ་རེག་པར་བཟུང་ནས་ཕན་ཚུན་སྐར་མའི་ཕོད་ལྟར། འོད་གདངས་ཡི་གེའི་བཀྲག་དང་བཅས་པ་གནས་ལ། ཡས་མན་དུ་པདྨའི་འདབ་མ་རྒྱས་པ་ལྟར་གནས་སོ།། དེ་ནས་ཞག་བཅུ་བཞི་ལ་ཀུན་གཞིའི་རྟེན་བཞི་ཚན་དུ་གནས་པ་དེ་དག་མེར་མེར་པོའི་རྣམ་པ་ཞིག་ཏུ་གྱུར་པའི་དུས་ན། ཆུའི་སྲིན་བུ་སྐྱེས་པར་བྱེད་པའི་གཞི། ཕྲ་བ་དང་། འགྱུར་ཤེས་དང་། བུད་པ་དང་། ལས་ལྡང་གི་སྲིན་བུ་བཞིའི་ལུས་སུ་ཆགས་ཏེ། དེ་དག་གི་ནང་ན་ཡང་། རྩ་ལ་སོགས་པའི་རྟེན་སྔ་མ་དང་འདྲ་བར་ཆགས་པ་ནི། ལུས་གཅིག་ལ་སྲོག་དཔག་ཏུ་མེད་པར་གནས་པའོ།། འདི་དག་ནི་དབང་བསྒྱུར་གྱི་ལུས་ཞེས་བྱ་སྟེ། སངས་རྒྱས་ཀྱི་སྐུ་ཡབ་ཡུམ་གཉིས་གཉིས་ལས་མི་གནས་པས་ན་ལུས་མེད་ཅེས་དངོས་གཟུགས་མ་ཡིན་པས་སོ།། རྡོ་རྗེ་རྩེ་མོ་རོལ་པ་ལས། གཟུགས་གཅིག་ལས་ནི་ལུས་ཀྱི་མཐའ། །གྲུབ་མཐའ་མ་གྲུབ་མཐར་འཛིན་པ། །སྟོང་ཕྲག་གྲངས་ལས་འདས་པ་གནས། །དེ་ཡང་ནམ་མཁའི་ལུས་ཅན་ལས། །ཤོང་བའི་ལས་ནི་སྤངས་པས་ན། །གཟུགས་མཐའ་རྡུལ་ཕྲན་ནམ་མཁའ་ཤེས།། ཞེས་སོ།། དེ་དག་གི་སྲིན་བུ་རེ་རེ་ལ་ཆགས་སྤྱོད་ཀྱི་རླུང་རེ་རེ་གནས་པས་འགྲོ་བ་ཀུན་ལ་འདོད་ཆགས་ཀྱི་ལས་ཉེ་བར་ལེན་པ་དེ་ལས་བྱུང་བའོ།། བཅུ་བཞིས་ལས་ཀྱི་འབྲེལ་མཚོན་པ་ཡང་དེའི་གནད་དོ།། དེ་ནས་ཞག་བདུན་ཚན་གསུམ་པར་གྱུར་ཏེ། ཞག་བཅོ་ལྔ་པ་ལ་སའི་རྩ་ལས་འཕེལ་གཞིའི་འོད་དང་ཡི་གེ་དང་བཅས་པར་བསྐྱེད་དེ། དེ་དག་གི་དབུས་སུ་བཅུ་དྲུག་པ་ལ་དྲན་པའི་གཞི་གསེར་གྱི་རླུངས་ཙམ་བྱུང་བས། བཅུ་བདུན་ན་ནམ་མཁའ་ལ་སྤྲིན་འཁྲིགས་པ་ལྟར་འཁྲིགས་པའི་ནང་དུ་འཕེན་སྡུད་ལས་ཀྱི་འགྱུ་བའི་རླུང་དང་བཅས་པས། བཅོ་བརྒྱད་ལ་འབྱུང་བ་སོ་སོའི་ནུས་པ་རྫོགས་ནས། ཁམས་བཅོ་བརྒྱད་ཀྱི་གཞི་རྩིས་འགྱུར་བའི་རླུངས་ཀྱི་དུམ་བུ་བཅོ་བརྒྱད་ཆགས་སོ།། དེ་ནས་འབྱུང་བ་གཉིས་གཉིས་འདུས་པའི་ལས་ཀྱིས་གོ་སྦྱར་བ་ནི་སྔར་གྱི་ནུས་པ་ཟད་པས་སོ།།
ཁམས་བཅོ་བརྒྱད་པོའི་རླངས་འོ་སྤྲིས་ལྟ་བུ་ལས་ཁམས་འཛིན་ཞེས་བྱ་བའི་རླུང་འདར་བ་དང་འཕྲིག་པ་ལངས་པའི་སྒྲ་དང་བཅས་པས། མེའི་རྩ་འཁོར་ལོ་བཞི་དང་བཅས་པ་གྱེན་ལ་འཕར་ཏེ། རྡུལ་གྱི་ནམ་མཁའ་འཕྲ་སེང་ཞེས་བྱ་བ་ལ་འོག་མས་ཡུངས་འབྲུ་ཉིས་འགྱུར་གྱིས་འཕགས་ཏེ། ཞག་ཉེར་གཅིག་སྤོངས་ཀུན་གཞིའི་རྟེན་གཞི་རྩ་དང་བཅས་པ་དེ་ལྟར་ལྟར་པོའི་རྣམ་པར་གྱུར་པའོ།། དེ་ནི་ལྔ་བརྒྱའི་ཐ་མ་ལ་གསང་སྔགས་ཀུན་གྱི་ལས་མཐའ་ཞག་ཉེར་གཅིག་གིས་བྱེད་དེ། ཀུན་གཞིའི་ཚོགས་པ་འཇིག་པ་ལ་དགོངས་པའོ།། དེ་ནས་སའི་སྲིན་བུ་བཞི་ལས་རླུང་མཁྲིས་བད་ཀན་ལ་སོགས་པའི་ནད་ཀྱི་རྟ་བྱེད་པ་ཅན་ཆགས་པ་སྔར་དང་འདྲའོ།། དེ་ནས་ཞག་ཉེར་གཉིས་ནས་ཉེར་ལྔའི་བར་ལ་འབྱུང་བ་སོ་སོའི་ནུས་པ་དང་ལུས་ཀྱི་གཞི་འགྲུབ་པར་བྱེད་དེ། ཞག་བཞི་པོ་དེ་ལ་འབྱུང་བའི་ནུས་པས་གོང་གི་རྩ་བཞི་ལས་འཕེལ་བ་ཡན་ལག་གི་རྩ་བཞི་སྟེ་བརྒྱད་དུ་ངེས་ལ། སོ་སོའི་འོད་དང་ཡི་གེ་གསལ་བྱེད་དང་བཅས་པར་བསྐྱེད་པ་ནི། རོ་རྣམས་འདུས་པའི་འཁོར་ལོ་སྐར་མའི་འོད་འདྲ་བ་འཚེར་བའི་གདངས་དང་བཅས་པ། འཁོར་ལོ་བརྩེགས་པའི་འདབ་མ་འདྲ་བས་རྩའི་འཁོར་ལོ་ཞེས་བྱའོ།། དེ་དག་བརྒྱད་ཀྱི་དབུས་སུ་འདོད་ཡོན་ལྔ་ལ་བདེ་བ་རེག་བྱེད་ཀྱི་རྟེན་དྲོད་ཀྱི་དྭངས་མ་བསེའི་གཡའ་ཙམ་དུ་གནས་པའི་རླངས་ལས། སྐྱེ་མཆེད་བཅུ་གཉིས་ཀྱི་གཞི་འབྲས་སཱ་ལུ་ལྟར་བུན་པ་དང་ཡལ་བའི་ཚེ་བཅུ་གཉིས་སུ་གནས་པ་ལས། འདུ་བ་དང་མཆེད་པའི་འཁོར་ལོའི་རྣམ་པ་ཀུན་གཞིའི་ལས་ཀྱི་རྟེན་དུ་གནས་སོ།། མཆེད་པའི་གནས་འཁོར་གྱི་ཡི་གེ་དང་བཅས་པའོ།། དེ་ནས་ཡང་ཞག་ཉེར་དགུ་ནས་སུམ་ཅུ་རྩ་གཉིས་ཀྱི་བར་འབྱུང་བ་ཆུས་སྡུད་པ། སས་བརྟན་ཞིང་མནན་པ། མེས་འབར་ཞིང་མཆེད་པ། རླུང་གིས་འབར་ཞིང་བསྐྱོད་པའི་ལས་བྱས་ཏེ། ཞག་སུམ་ཅུ་རྩ་གཉིས་ན་འབྱུང་བ་སོ་སོའི་ནུས་པ་རེ་ཞིག་ཟད་དེ། འདིའི་དུས་ན་སྐྱོད་བྱེད་ལས་རྣམ་པར་རྒོད་པའི་རླུང་ཞེས་བྱ་བ་ལངས་པས། གོང་མའི་རླུང་གི་རྩ་བཞི་ཕྱིར་གྱེན་ལ་ཕུལ་ཏེ། རྡུལ་ཕྲ་རབ་ཀྱི་ནམ་མཁའ་ཡུངས་འབྲུའི་སྟེང་དུ་འཕངས་པ་ལས། གོང་མའི་རྩ་བཞི་ལས་ཡང་རྩ་བཞི་འཕེལ་ཏེ། དེ་དག་གི་དབུས་སུ་རྩེ་མོའི་རླུང་ཤུགས་འཆང་ཞེས་བྱ་བའི་འདབ་མ་ལས་སྐར་མའི་ཕོད་འདྲ་བའི་འོད་འཕྲོ་ཞིང་འདུལ། གོང་མའི་འབྱུང་གཞི་དངོས་ཀྱི་ནུས་པ་ཟད་པས། ཡང་འབྱུང་བ་གཉིས་འདུས་པའི་ལས་ཀྱིས་ཞག་སུམ་ཅུ་རྩ་བཞི་པ་ལས། ཀུན་གཞིའི་རྟེན་བཞི་ཚན་དང་བཅས་པ་དེ་དག་མཁྲང་གྱུར་དུ་གནས་པའི་རྟེན་ལ། ཉོན་མོངས་པ་འདུ་བ་དང་རགས་པའི་རྩ་དྲུག་གི་རླངས་པ་དུག་གི་བུམ་པ་ལས་འཁྲིགས་པ་ལྟར་གནས་ཏེ། རྩེ་མོ་རྣམ་པར་བཀོད་པའི་འཁོར་ལོ་ཞེས་བྱ་བར་གནས་པ་ནི། ཞག་སུམ་ཅུ་རྩ་ལྔ་ན་རྒྱལ་པོའི་ཡིག་ཚང་རྫོགས་པའི་རྒྱུད་དེ་ལས་བྱུང་བའོ།།
དེ་ལྟར་བདུན་ཚན་བདུན་དུ་སྲིད་པ་ལུས་ཀྱི་རྩའི་འཁོར་ལོ་བཞི་བསྐྱེད་པས། དེ་རེ་རེ་ལ་རྩའི་འདབ་མ་བརྒྱད་བརྒྱད་དེ་སུམ་ཅུ་རྩ་གཉིས་སུ་ལུས་སྤྱི་ལ་གནས་པ་ནི། སྲིད་པའི་ཆུ་བོ་རྫས་ཡན་ལག་བཅུ་གཉིས་ཀྱི་སྲིད་པ་ལུས་ཀྱི་གཞི་བཟུང་བ་དེ་ལས་བྱུང་བའོ།། དེ་ལྟར་རྩ་སུམ་ཅུ་རྩ་གཉིས་ནས་ཡེ་ཤེས་སུམ་ཅུ་རྩ་གཉིས་ཀྱི་ལས་འབྱུང་སྟེ། དྭངས་མ་ལས་དོན་དམ་པའི་ཐིག་ལེ་སྒྲོན་མ་བཞིའི་སྨིན་སོ་དང་བཅས་པར་བྱུང་སྟེ། དེས་བདེ་བ་ལམ་དུ་བྱས་ན་བཙན་ཐབས་སུ་སངས་རྒྱ་བར་ངེས་སོ།། དེ་དག་གི་སྙིགས་མ་ལས་ཀུན་རྫོབ་ཀྱི་ཐིག་ལེར་གྱུར་ཏེ། འབྱུང་བ་བཞིའི་སྨིན་སོ་དང་བཅས་པར་བྱུང་ཞིང་། དེས་སྡུག་བསྔལ་རང་རྒྱུད་དུ་སོང་བ་ལས་འཁོར་བའི་ས་བོན་འཕེལ་བར་བྱེད་ལ། དེ་ཉིད་རྩའི་གནད་ལ་བརྟེན་ནས་ལམ་དུ་བྱས་ན། བདེ་བ་ཁྱད་པར་ཅན་གྱི་ཆོས་ཉིད་མངོན་སུམ་དུ་རྟོགས་པར་བྱེད་དོ།། རྩ་དེ་དག་གིས་ནི་ཡེ་ཤེས་ཀྱི་ལམ་དུ་གྱུར་ལ། ཐིག་ལེའི་ངོ་བོར་སོང་བས། བདེ་སྡུག་ཉམས་སུ་མྱོང་བའི་ལས་བྱེད་པའོ།། དེ་ནས་ཡང་ཞག་སུམ་ཅུ་རྩ་ལྔའི་བར་ལ་སྔ་མ་ལྟར་འབྱུང་བ་སོ་སོའི་ལས་ཀྱི་ནུས་པས་སྐྱེད་བྱེད་དང་པོའི་ལས་ཀྱི་འབྲེལ་རྫོགས་པར་བྱས་པས་གཟུགས་ལས་རྡུལ་ཕྲ་རབ་དཔག་ཏུ་མེད་པའི་ཕུང་པོར་འདུ་ཞིང་མཆེད་པ་དང་། དེ་བཞིན་དུ་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ཀྱི་ཕུང་པོའི་ཆ་ལས་མཆེད་ཅིང་འདྲུབ་དཔག་ཏུ་མེད་པར་བསྐྱེད་པ་ནི། ཕུང་པོ་ལྔའི་རིགས་མངོན་སྣང་དུ་སྤུར་བའོ།། དེ་ནས་ཞག་བཞི་བཅུ་རྩ་གཉིས་ལ་ཐུག་པར་འབྱུང་བ་གཉིས་འདུས་པའི་ལས་ཀྱིས། སྐྱེད་བྱེད་དུ་ཆུའི་སྲིན་བུ་སྟོང་ཕྲག་བརྒྱད་ཅུ་རྩ་གཉིས་ཀྱི་ལུས་འཕེལ་བར་བྱས་སོ།། འཁོར་ལོ་དེ་ལ་རྩ་འདབ་དྲུག་ཅུ་རྩ་གཉིས་སུ་མཚོན་པའི་ལས་བྱས་པ་ནི། བསྐལ་པའི་སྐྱེ་འབྲི་དྲུག་ཅུ་རྩ་གཉིས་སུ་འབྱུང་བའི་རྒྱུའོ།། རྩ་དེ་དག་རེ་རེའི་ནང་དུ་རྩ་གནས་ཁྱད་པར་ཅན་གྱི་ཡི་གེ་རེ་རེ། དེ་རྟེན་པར་བྱེད་པ་འོད་ཀྱི་གོང་བུ་རེ་རེ། འོད་འཛིན་པར་བྱེད་པའི་ཀུན་བཟང་ཡབ་ཡུམ་གཉིས་གཉིས་སུ་གནས་སོ།། དེའང་རྩ་སྣ་དྲུག་ཅུ་རྩ་གཉིས། ཡི་གེ་དྲུག་ཅུ་རྩ་གཉིས་ཏེ་བརྒྱ་ཉེར་བཞི། འོད་དྲུག་ཅུ་རྩ་གཉིས་ཏེ། བརྒྱ་དང་བརྒྱད་ཅུ་རྩ་དྲུག ཀུན་བཟང་ཡབ་དང་ཡུམ་བསྡོམས་པས་བརྒྱ་ཉེར་བཞི་སྟེ། སྐྱེད་བྱེད་དང་པོའི་འཁོར་ལོ་ན། ཡེ་ཤེས་འགྱུ་བའི་ཁྱད་པར་སུམ་བརྒྱ་དང་བཅུ་ཐམ་པའོ།། དེ་རྣམས་ཡེ་ཤེས་དག་པའི་རླུང་གིས་འཕར་བ་དང་ཤི་བ་པ་ལ་སོགས་པས། ཞི་གནས་དང་ལྷག་མཐོང་གི་བྱེད་པ་ངེས་པར་རྟོགས་པར་བྱེད་པས་ན་སྐྱེད་བྱེད་ཅེས་བྱ་སྟེ། སྲིད་པ་ལུས་ཀྱི་གཞི་ཡིན་པས་དང་པོ་ཞེས་བྱའོ།། དེ་ལྟར་ཀུན་གྱི་གཞི་ཡིན་པས་འཁོར་ལོའོ།། འབྱུང་བ་ཁྱད་པར་གྱི་ཆོས་རླུང་ལ་སོགས་པའི་རྣམ་གྲངས་དེ་ཙམ་ཅིག་སོ་སོའི་འབྱུང་བའི་ཕུལ་གྱིས་འགྲོ་བ་དང་འོང་བའི་ཁྱད་པར་དུ་གནས་པའོ།། ཉོན་མོངས་པ་དང་ལས་ཀྱི་བྱེད་པ་དེ་ཙམ་ཅིག་ཏུ་ལས་ཀྱི་རླུང་གི་འཕེན་པ་དང་། རྔུབས་པ་དང་། དགོང་བ་དང་། གཞིལ་བར་བྱེད་པས་ན་ཉིན་མཚན་ངེས་པའོ།། དེ་ལྟར་ན་རྐྱེན་ཚོགས་པ་བྱེ་བྲག་གི་ཆོས་དགུ་བརྒྱ་དང་སུམ་ཅུ་ཐམ་པར་གནས་པ་ནི་››དབང་གི་གཞི་ལམ་ངེས་པ་ལས་བྱུང་བའོ།།
དེ་ཡང་འབྱུང་བ་ཆུའི་འཁོར་ལོ་རྟེན་འབྲེལ་བཅུ་གཉིས་ཀྱིས་འཁོར་ཞིང་འདུས་པ་ལས། སྲིན་བུ་སྟོང་ཕྲག་བརྒྱད་ཅུ་རྩ་ལྔ་གནས།དེ་རེ་རེ་ལ་རྩ་དེ་ཙམ་རེའི་ནང་ན་ཡི་གེ་དེ་ཙམ་རེ་སྟེ། རླུང་གི་འཕེན་པ་རེ་རེ་ལས་མེད། སྐུ་རེ་རེ་གནས་པས་ཚོགས་པའི་ཆོས་དཔག་ཏུ་མེད་པའི་ཕྱིར། ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །རྣམ་པར་བྱང་བའི་གཞི་མའང་ཡིན། །ཅེས་པའོ།། དེ་ནས་ཀུན་གཞི་ལུས་ཀྱི་རྟེན་དང་དེ་གཉིས་འདྲེས་པ་ནི་དབང་པོ་ལྔའི་གཞིའི་དོད་དབང་རྟེན་ཙམ་དུ་གནས་པ་ལས། ཞག་བཞི་བཅུ་རྩ་དྲུག་ཏུ་སོང་བའི་བར་ལ་འབྱུང་བ་སོ་སོའི་བྱེད་ལས་ཀྱི་ནུས་པས། དྲན་པ་འདུས་པའི་འཁོར་ལོ་ལ་རྫོགས་ཤིང་འདུས་པས། མེ་རྡུལ་ལ་སོགས་པའི་རྡུལ་རྣམས་འཕེལ་ཞིང་། ཚོར་བ་བདེ་སྡུག་གི་ཉམས་འཕེལ་བ་དང་། འདུ་ཤེས་འདུ་མཆེད་དང་། རྣམ་ཤེས་ཡུལ་དང་འཇུག་པའི་ཁྱད་པར་འཕེལ་ལ། འདུ་བྱེད་ལས་རྩ་བ་དང་ཡན་ལག་གི་ཉོན་མོངས་པ་འཕེལ་ཞིང་། ཁམས་བཅོ་བརྒྱད་ཀྱི་སྤྲོས་འགྱུར་ལས་འཕེལ་ལོ།། དེ་ནས་འབྱུང་བཞི་སོ་སོའི་ནུས་པའི་སྟོབས་ཟད་ནས། འབྱུང་བ་གཉིས་གཉིས་འདུས་པས་དྲན་པ་འདུས་པའི་འཁོར་ལོ་ལ་རྩ་རེ་རེ་ལས་མཆེད་པ་སྐྱོད་པའི་རྩ་རེ་རེ་སྟེ་བཅུ་དྲུག་ཏུ་འཕེལ་བ་ནི་དབང་བཅུ་དྲུག་གི་འཕེལ་སྟོན་པའོ།། དེ་དག་རེ་རེའི་ནང་དུ་རང་བཞིན་རྩ་གནས་ཀྱི་ཡི་གེ་རེ་རེ། དེ་བརྟན་པ་འོད་ལྔའི་གོང་བུ་རེ་རེ། དེ་བརྟེན་པའི་ཀུན་བཟང་ཡབ་ཡུམ་གཉིས་གཉིས་སུ་གནས་སོ།། དེའང་རྩས་ལུས་བརྟེན། ལུས་ཀྱིས་འབྱུང་བ་བརྟེན། ཡི་གེས་འཁོར་ལོའི་ཆོས་བརྟེན། འོད་ཀྱིས་ཡེ་ཤེས་བརྟེན། ཀུན་བཟང་ཡབ་ཡུམ་གྱིས་སྐུ་གསུམ་བརྟེན་པའོ།། ཡེ་ཤེས་དང་། སྐུ་དང་། ཆོས་ཉིད་དང་། འོད་རང་གི་ངོ་བོར་བཞུགས་པ་བཞི་ལ་བརྟེན་ནས་དབང་བཞིའི་འབྲས་བུ་ཚད་དུ་ཕྱིན་པའོ།། དྲན་པ་འདུས་པའི་འཁོར་ལོ་རྩ་བཅུ་དྲུག་གི་ནང་ན། སེམས་བཅུ་དྲུག་བརྟེན་ནས་གནས་པའོ།། དེ་ཡང་སེམས་དང་། སེམས་ཉིད་ཀྱི་དབྱེ་བ་ལས། དང་པོ་སེམས་››ལ་སྡུད་པ་ཆུའི་སེམས་ཀྱིས་དྲན་བསམ་གྱི་གཞི་འཛིན། བརྟན་པ་སའི་སེམས་ཀྱིས་ཚོགས་པ་སྡུད། འཕྲོ་བ་མེའི་སེམས་ཀྱིས་ཡུལ་ལ་སྤྲོ། ཡང་བ་རླུང་གི་སེམས་ཀྱིས་སྐྱོད་པར་བྱེད་པའོ།། སེམས་ཉིད་ལ། སྐྱེ་མེད་དོན་གྱི་སེམས་ཉིད། འགག་མེད་དྲན་པའི་སེམས་ཉིད། འགྱུར་མེད་དཔེ་དོན་འདྲེས་པའི་སེམས་ཉིད། རང་རྫོགས་དངོས་དོན་གང་དུ་ཡང་མ་ཕྱེ་བའི་སེམས་ཉིད་དོ།། དྲན་པ་ལ་སེམས་དང་། ཡིད་གཉིས་ལས། སེམས་ཀྱི་དྲན་པ་ནི་བཤད་པ་བཞིན་ནོ།།
ཡིད་ཀྱི་དྲན་པ་ལ་དྲུག་སྟེ། ཀུན་ཏུ་ཚོལ་བྱེད་ཀྱི་དྲན་པ་དག་པ་ལྷའི་སྐུར་གསལ་ལ། མ་དག་པ་ལྷའི་འགྲོ་བར་འཕེན་ཞིང་། ཕྱིན་ཅི་ལོག་ན་ལོག་སྲིད་ཅན་གྱི་ལུས་སུ་འཕེན་ནོ།། གཏན་ལ་འབེབས་པའི་ཡིད་ཀྱི་དྲན་པ་དག་པས་རིག་འཛིན་གྱི་ས་ཐོབ། མ་དག་པས་ལྷ་མིན་དུ་སྐྱེ། ཕྱིན་ཅི་ལོག་ན་སྨེ་ཤ་ཅན་གྱི་རིགས་སུའོ།། ངེས་པར་འཇོག་པའི་ཡིད་ཀྱི་དྲན་པ་དག་པས་མཁའ་སྤྱོད། མ་དག་པས་མི། ཕྱིན་ཅི་ལོག་ན་འདོད་སྲེད་ཅན་གྱི་འགྲོ་བར་འཕེན་ནོ།། ཡིད་ཀྱི་རྣམ་ཤེས་ཀྱི་དྲན་པ་དག་པས་ཕྱག་རྒྱའི་རྣལ་འབྱོར། མ་དག་པས་བྱོལ་སོང་། ཕྱིན་ཅི་ལོག་ན་ལོག་ལྟ་ཅན་ནོ།། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་དྲན་པ་དག་པས་ཡི་གེ་གཅིག་པའི་རྣལ་འབྱོར་མ་དག་པས་ཡི་དྭགས། ཕྱིན་ཅི་ལོག་ན་འདོད་སྲེད་ལོག་པའི་འགྲོ་བའོ།། འགྱུ་བྱེད་འཛིན་པའི་ཡིད་ཀྱི་དྲན་པ་དག་པས་འཁོར་ལོ་འཛིན་པའི་རྣལ་འབྱོར། མ་དག་པས་དམྱལ་བ། ཕྱིན་ཅི་ལོག་ན་སྡུག་བསྔལ་ཅན་གྱི་འགྲོ་བའོ།། དེ་ཡང་ཀུན་ཏུ་ཚོལ་བའི་ཡིད་ནི་རླུང་གི་རྟ་དང་བཅས་པའི་དྲན་པ་སྔར་གྱི་དྲན་པ་རྗེས་སུ་འཛིན་པ་ལས་བྱུང་བའོ།། གཏན་ལ་འབེབས་པའི་ཡིད་ནི། སའི་རྟ་དང་བཅས་པ་འདས་པ་ལས་མཆེད་པའི་དྲན་པ་ལས་བྱུང་བའོ།། ངེས་པར་འཛིན་པའི་ཡིད་འབྱུང་བ་ཆུའི་རྟ་དང་བཅས་པའི་དྲན་པ་ལས་བྱུང་སྟེ་ད་ལྟའི་དྲན་པ་རྗེས་སུ་འཛིན་པ་ལས་བྱུང་ངོ་།། ཡིད་ཀྱི་རྣམ་པར་ཤེས་པ་ནི། ཡིད་དྲུག་གི་ཤེས་པའི་ཆ་འདུས་པ་ལས་བྱུང་སྟེ། མེའི་རྟ་དང་བཅས་པ་ལས་བྱུང་ངོ་།། དེ་ལྟའི་དྲན་པ་ཉེ་བར་མཚོན་པ་ལས་བྱུང་བའོ།། ཉོན་མོངས་པ་ཅན་ནི། ཆུ་དང་ས་གཉིས་འདུས་པའི་རྟ་དང་བཅས་པ་མ་འོངས་པའི་དྲན་པའི་རྗེས་འཛིན་པ་ལས་བྱུང་བའོ།། འགྱུ་བྱེད་འཛིན་པའི་ཡིད་ནི། བག་ཆགས་སྔ་ཕྱིའི་ཚོགས་པ་འདུས་པ་སྟེ་མེ་རླུང་གཉིས་ཀྱི་རྟ་དང་བཅས་པ་མ་འོངས་པའི་དྲན་པ་མཆེད་པ་ལས་བྱུང་བའོ།།
དེ་ལྟར་དྲུག་གི་སྨིན་སོས་ནང་དུ་རྣམ་ཤེས་ཚོགས་དྲུག་ཏུ་བྱུང་ངོ་།། དེ་དག་གི་སོ་སོའི་འདུ་བ་ལས་ཁམས་བཅོ་བརྒྱད་འཕེལ་བ་ཐོབ་ལ། ཐོབ་པས་གནས་ཏེ། དེ་དག་གི་རྒྱུ་དང་རྐྱེན་ལས་སའི་སྲིན་བུ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་བྱུང་བ་ནི། ལུས་ཀྱིས་ལུས་བསྐྱེད། ངག་གིས་ངག་བསྐྱེད། སེམས་ཀྱིས་སེམས་བསྐྱེད་པ་སྟེ། བཀོད་པ་ཆེན་པོ་ལས། བསྐྱེད་པ་གསུམ་གྱིས་འགྲོ་བ་རྣམས། །སོ་སོའི་སྨིན་སོ་རྫོགས་པ་སྟེ། །འབྱུང་བ་ལས་ནི་ལུས་དག་དང་། །ཡི་གེ་ལས་ནི་སྒྲ་སྐད་གསུང་། །དྲན་པ་ཚེ་ལས་ཡིད་སོགས་སོ།། ཞེས་སོ།། དེའང་སྲིན་བུ་བརྟེན་པའི་ཡི་གེ་དང་། དེའི་རྟེན་སྐུ། དེ་རེ་རེ་ལ་སྐུ་གསུང་ཐུགས་ཀྱི་ངེས་པའི་རྟེན་དུ་གནས་པས། དབང་དང་བསྐྱེད་རྫོགས་བསྒོམས་ན་གྲོལ་རུང་གི་གང་ཟག་ཅེས་བྱ་སྟེ། རྣལ་འབྱོར་དུ་འཇུག་པ་ལས། སྐུ་དང་གསུང་དང་ཐུགས་ཉིད་ལས། །རྣལ་འབྱོར་ས་བོན་དེས་རྫོགས་ནས། །འདིར་ནི་དབང་བསྐུར་ངེས་པས་སོ།། ཞེས་སོ།། དེ་ལྟར་དྲན་པ་འདུས་པའི་འཁོར་ལོ་ན་ཚོགས་པའི་ཆོས་བཅུ་དྲུག ཡེ་ཤེས་བཅུ་དྲུག་སྟེ་སུམ་ཅ་རྩ་གཉིས། ཡི་གེ་བཅུ་དྲུག་སྟེ་ཞེ་བརྒྱད། འོད་ཀྱི་གོང་བུ་བཅུ་དྲུག་སྟེ། དྲུག་ཅུ་རྩ་བཞི། ཡབ་བཅུ་དྲུག་ཡུམ་བཅུ་དྲུག་བསྡོམས་པས་དགུ་བཅུ་རྩ་དྲུག ཡབ་ཡུམ་རེ་རེ་ལ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གསུམ་སྟེ་ལྷ་དགུ་བཅུ་རྩ་དྲུག་དང་བསྡོམས་པས་བརྒྱ་དགུ་བཅུ་རྩ་གཉིས། སེམས་དང་ཡིད་ཀྱི་ཚོགས་པ་ཉི་ཤུ་སྟེ་ཉིས་བརྒྱ་དང་བཅུ་གཉིས། ཡིད་ཀྱི་འགྱུ་བྱེད་ཀྱི་ལས་བཅོ་བརྒྱད་དེ་ཉིས་བརྒྱ་སུམ་ཅུ། ཁམས་བཅོ་བརྒྱད་ལ་འཕེལ་བཅོ་བརྒྱད་དེ། ཉིས་བརྒྱ་དང་དྲུག་ཅུ་རྩ་དྲུག དབང་པོ་ལྔའི་གཞི་ལྔ། དབང་པོའི་རྟེན་ལྔ། དབང་པོའི་སྒོ་ལྔ་དང་བསྡོམས་པས་ཉིས་བརྒྱ་དང་བརྒྱད་ཅུ་རྩ་གཅིག །ཡིད་ཀྱི་མྱོང་བ་ལ་ཉོན་མོངས་པ་ལྔ་ལྔ་སྟེ་སུམ་ཅུ་དང་བསྡོམས་པས་སུམ་བརྒྱ་དང་བཅུ་གཅིག དེ་དག་རེ་རེ་ལ་དྲན་པའི་འཕྲོ་བ་དང་། འདུ་བ་གཉིས་གཉིས་ཏེ། དྲུག་བརྒྱ་ཉི་ཤུ་རྩ་གཉིས་སྲིན་བུ་ཁྲི་ཁྲག་བརྒྱད་དང་སྟོང་ཕྲག་ལྔ། དེ་རེ་རེ་ལ་ཡི་གེ་དེ་ཙམ་ཞིག སྐུ་དེ་ཙམ་ཞིག་སྟེ་འབུམ་ཕྲག་བཞི་དང་ཁྲི་ཕྲག་ལྔ་དང་སྟོང་ཕྲག་གཅིག་ཏུ་གནས་པ་ནི། ནང་དུ་ནད་ཀྱི་བྱེ་བྲག་རྒྱུ་དང་རྐྱེན་ཉེ་བ་དང་རིང་བར་བྱེད་ལ། ཕྱིར་བ་སྤུ་བྱེ་བ་གཅིག་དང་བཞི་ཁྲི་སྐྱེད་པར་བྱེད་དོ།། དེ་དག་རྣམས་ཀུན་གཞིའི་རྣམ་པར་ཤེས་པ་བཞི་ཚན་འདུས་ཤིང་དེ་དག་ལས་ཀྱི་ཚོགས་པ་ལས། ཁྱབ་འཇུག་རུས་སྦལ་གྱི་རྣམ་པ་དང་འདྲ་བ། དབང་པོའི་སྒོ་གསལ་ལ་འགུལ་བའི་རླུང་མེད་པ། ཡན་ལག་གི་གཞིའི་འཆོས་ལ་བསྐྱོད་པའི་ནུས་པ་མེད་པ་ནི་རླུང་གི་འགྱུར་བྱེད་ལས་སུ་མ་རུང་བའོ།། འདི་ཉིད་འཕེལ་བ་ལས་སྐད་ཅིག་ལ་རྟོག་པ་བརྒྱ་ཉི་ཤུ་འགྱུ་བའི་ཚད་དུ་བྱུང་བའོ།། དེ་ནས་ཡང་ཞག་ལྔ་བཅུར་འགྲོ་བའི་ནུབ་མོ་འབྱུང་བ་ཆུའི་བྱེད་ལས་ཀྱིས། ལུས་ཀྱི་འཁོར་ལོ་གཉིས་བོར་བའི་ཚོགས་པའི་ཆོས་དེ་དག་རླུང་གིས་སོ་སོར་གཏོར་བ་ལས། ཆུའི་སྡུད་བྱེད་ཀྱིས་གཅིག་ཏུ་བསྡུས་པས། སེ་འགྱུར་གྱི་འབྲུ་ལེགས་པར་བལྟམས་པ་ལྟར་གནས་པ་ལས། སའི་ལྗིད་ཀྱིས་དེ་དག་མནན་པས་འགྱུ་ཞིང་འཕྲིག་པ་ཙམ་གྱིས་སྟོབས་ཀྱང་ཉམས་པར་བྱས་སོ།། དེ་ནས་མེའི་ནུས་པས་དྲོད་ཕབས་ཏེ་ཚ་བའི་རེག་པ་མྱོང་ནས། དེ་དག་སྤྲ་བ་མེས་མཆེད་པ་ལྟར་བསྲེགས་ཏེ། རྡུལ་ཕྲན་དུ་བྱས་སོ།། དེ་ནས་རྩ་གསུམ་པའི་ནུབ་མོ་རླུང་གི་ནུས་པས་རྡུལ་ཕྲ་རབ་དེ་ཀུན་གཡོ་འགུལ་འཕྲིག་པ་ཙམ་ལས། རླུང་ནང་འཐབས་པས་ཕྱོགས་ཀུན་ཏུ་གཏོར་ནས་སོ་སོར་ཕྱེའོ།།
འདི་དག་གི་དུས་ནས་སྡུག་བསྔལ་བཞི་མྱོང་བ་ནི། ཆུས་གྲང་རེག་ཏུ་བྱས་པས་སྡུག་བསྔལ་ཙམ་མོ།། སའི་ལྗིད་ཀྱིས་མནན་པས། སྡུག་བསྔལ་གྱིས་སྡུག་བསྔལ་ལོ།། མེས་བསྲེགས་པས་འགྱུར་བའི་སྡུག་བསྔལ་ལོ།། རླུང་གི་གཏོར་བས་ལྷུང་གིས་དོགས་པའི་ཕྱིར་འདུ་བྱེད་ཀྱི་སྡུགབསྔལ་ལོ།། དེ་ལྟར་ཞག་བཞིས་འབྱུང་བ་བཞི་པོ་རང་གི་ནུས་པ་ཟད་ནས། འབྱུང་བ་གཉིས་འདུས་ཀྱི་ནུས་པའི་དུས་ན། རོ་རྣམས་འདུས་པའི་རྩ་འདབ་སུམ་ཅུ་རྩ་གཉིས་སུ་སོ་སོར་སྨིན་ནས་རེ་རེའི་ནང་དུ་ཡེ་ཤེས་དང་། འོད་དང་། རླུང་གི་གདངས་དང་། ཡི་གེ་དང་། འོད་ཀྱི་གོང་བུ་དང་། ཀུན་བཟང་ཡབ་ཡུམ་གྱི་སྐུ་རེ་རེ་སྨིན་པ་ནི། སུས་ཀྱང་བྱས་པ་མེད་པར་བྱུང་བས་རང་བྱུང་ཞེས་བྱའོ།། དེ་ལྟར་འབྱུང་བ་འདུས་པས་རྩ་བསྐྱེད་ལ། རྩའི་ནུས་པས་ལུས་བསྐྱེད་ལ། ལུས་ཀྱི་ནུས་པས་དབང་པོ་བསྐྱེད་ལ། དབང་པོའི་ནུས་པས་ཡན་ལག་རྣམས་བསྐྱེད་ལ། ཡན་ལག་གི་ནུས་པས་ཤ་ཁྲག་དྲོད་དབུགས་རྣམས་བསྐྱེད་ལ། དེ་བཞིས་རུས་པ། རྐང་མར། ཚིལ་རྣམས་བསྐྱེད་ལ། དེ་དག་གིས་པགས་པ་དང་། ཆུ་སེར་དང་། ངར་སྣབས་ལ་སོགས་པ་བསྐྱེད། དེས་ཆུ་བ། རྒྱུས་པ། ལྷ་བ་རྣམས་བསྐྱེད། དེས་རྒྱུངས་པ་བསྐྱེད། དེས་ཀུན་རྫོབ་ཀྱི་ཐིག་ལེ་བསྐྱེད་ལ། དེས་ཡང་ལུས་ཀྱི་རླུང་སེམས་འདུས་པ་བཞི་བསྐྱེད་པས་ན། བསྐྱེད་རིམ་བསྒོམས་པས་ལུས་ཀྱི་ཆགས་བྱེད་ངེས་པའི་ལས་སྦྱོང་བྱེད་དུ་འགྲུབ་པའོ།། དེ་ལྟར་རོ་རྣམས་འདུས་པའི་འཁོར་ལོ་སྐྱེ་མཆེད་བཅུ་གཉིས་ཀྱི་འཕེལ་བ་བསྒྲུབ་པའི་བྱེད་ལས་ཅན་འདིར་མེའི་ལས་གཙོ་བས། ཟས་ལ་སོགས་པའི་རོའི་དྭངས་མས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་བསྐྱེད། སྙིགས་མས་དྲི་ཆེན་དང་དྲི་ཆུ་ལ་སོགས་པ་དོར་བར་བྱེད་དོ།། རོ་ནི་མངར་བས་བཀྲག་བསྐྱེད་ལ། ཁ་བས་མདངས་བསྐྱེད། བསྐ་བས་གཟི་བརྗིད་བསྐྱེད། སྐྱུར་བས་སྟོབས་བསྐྱེད། ཀླེག་པས་ཤེད་བསྐྱེད། ལན་ཚྭའི་རོས་བྱང་སེམས་བསྐྱེད་པའི་ཕྱིར་རོ་རྣམས་ཞེས་བྱའོ།། འདུས་པ་ནི། རོ་དྲུག་འདུས་པ་སྟེ་ཟས་ཀྱི་རྣལ་འབྱོར་འགྲུབ་པའོ།། འགྲོ་དྲུག་གི་ཆ་མི་ལ་ཚང་བའི་གནད་དོ།། འཁོར་ནི། ཟས་རོ་ལ་ཚུར་འཁོར་བའོ།། ལོ་ནི། ལོ་གསུམ་བསླབས་ན་བཅུད་ལེན་འགྲུབ་པའོ།། དེའི་ཕྱིར་རོ་རྣམས་འདུས་པའི་འཁོར་ལོ་ཞེས་བྱའོ།། དེ་ནས་ཞག་ལྔ་བཅུ་རྩ་དྲུག་ན་འབྱུང་བ་མེས་དྲོས་གཡོས། རླུང་གིས་དྲོད་སྦར་བས་ལུས་ཀྱི་སྨིན་སོ་སྦལ་པའི་རྣམ་པ་དང་འདྲ་བ་དབང་པོར་གསལ་ལ་དབང་སྟོབས་མ་རྙེད་པ། ཡན་ལག་ཏུ་བྱུང་ལ་བསྐྱོད་པའི་རླུང་མ་རྙེད་པར་བྱུང་ངོ་།། འདིའི་དུས་ན་མེའི་སྲིན་བུ་སྟོང་ཕྲག་བརྒྱད་ཅུ་རྩ་ལྔ་ཆགས་པ་ནི། ལུས་ཅན་ལ་ནི་ལུས་ཀྱིས་སྤྲུལ། །ཅེས་པའོ།། དེ་ལྟར་ཚོགས་པའི་ཆོས་ངེས་པར་སྦྱར་ན། རྩ་སུམ་ཅུ་རྩ་གཉིས་ན་ཡི་གེ་སུམ་ཅུ་རྩ་གཉིས་ཏེ་དྲུག་ཅུ་རྩ་བཞི། འོད་ཀྱི་གོང་བུ་སུམ་ཅུ་རྩ་གཉིས་ཏེ་དགུ་ཅུ་རྩ་དྲུག ཀུན་བཟང་ཡབ་ཡུམ་དྲུག་ཅུ་རྩ་བཞི་སྟེ། བརྒྱ་དྲུག་ཅུ་ཐམ་པ། ཡབ་ཡུམ་རེ་རེ་ལ་སྐུ་གསུམ་ཐུགས་ཀྱི་ལྷ་ཡེ་ཤེས་སེམས་དཔའ་དང་བཞི་བསྣན་པས། བཞི་བརྒྱ་དང་ཉེར་དྲུག་སྐྱེ་མཆེད་ལས་ཀྱི་འབྲེལ་བཅུ་གཉིས་ལས་འགྱུར་རྟོག་པའི་གྲངས་ཉི་ཤུ་ཉི་ཤུ་སྟེ། ཉིས་བརྒྱ་དང་བཞི་བཅུ་སྟེ། བསྡོམས་པས་དྲུག་བརྒྱ་དང་དྲུག་ཅུ་རྩ་དྲུག དེ་དག་སྨིན་པའི་ངེས་པའི་ཁྱད་པར་ལས། ཉོན་མོངས་པ་བག་ལ་ཉལ་སྟོང་ཕྲག་བརྒྱད་ཅ་རྩ་ལྔ། དེའི་འགྱུར་མེའི་སྲིན་བུ་སྟོང་ཕྲག་བརྒྱད་ཅུ་རྩ་ལྔ། དེ་དག་རེ་རེ་ན་ཡི་གེ་རེ་རེ། སྐུ་རེ་རེ། སྐུ་དེ་ནས་སྨིན་པས་ཡེ་ཤེས་སེམས་དཔལ་རེ། ཐུགས་ཀ་ན་གནས་པ་དང་། དེ་ལྟར་ན་སྲིན་བུ་ལུས་ཀྱི་འཕེལ་བྱེད་དང་། ཉོམ་མོངས་རྟོག་པའི་གཞི་གཉིས་ལ་འབུམ་ཕྲག་གསུམ་དང་ཁྲི་ཕྲག་ཕྱེད་དང་གསུམ་སྟེ། རོ་རྣམས་ཀྱི་འཁོར་ལོ་ལ་ཚོགས་པའི་ཆོས་འབུམ་ཕྲག་གསུམ་དང་ཁྲི་ཕྲག་གསུམ་དང་། བརྒྱ་དྲུག་ཅུ་རྩ་དྲུག་ཏུ་གནས་སོ།། དེ་ལྟར་ཚོགས་པ་དཔག་ཏུ་མེད་པ་ཡོད་པས་ན་ཀུན་གཞི་ཞེས་བྱའོ།།
དེ་ཡང་ཞག་ལྔ་བཅུ་རྩ་བདུན་གྱི་ནུབ་མོ་ཆུས་དེ་དག་གཅིག་ཏུ་བསྡུས། སས་མནན་ཞིང་བརྟན་པར་བྱས། རྩ་དགུ་ལ་མེས་ཚིག་ཅིང་བསྲེགས། རླུང་གིས་སོ་སོར་ཕྱེ་སྟེ། ཟླ་བ་གཉིས་སོང་བའི་དུས་ན་འབྱུང་བཞི་བྱེད་ལས་ཀྱི་ནུས་པ་ཟད་ནས། ཡང་འབྱུང་བ་གཉིས་འདུས་ཀྱིས་བྱེད་དེ། ཟླ་བ་གཉིས་དང་ཞལ་གསུམ་ན་རྩེ་མོ་རྣམ་པར་བཀོད་པའི་འཁོར་ལོ་ལ་རྩ་བརྒྱད་ལས་རང་ངོའི་རྩ་དང་བཞི་བཅུ་རྩ་ལྔ་ལྔར་འཕེལ་བས་རྩ་འདབ་སུམ་ཅུ་རྩ་བརྒྱད་དང་དྲུག་ཅུ་ཐམ་པར་འཐོན་ནས་ལུས་ཀྱི་ཕྱི་ནང་ཀུན་ཏུ་འཕྲོས་ཏེ། ཁྱད་པར་གྱི་རྩའི་མཆེད་དང་། ཐུན་མོང་གི་མཆེད་རྣམས་སུ་བྱུང་བའོ།། རྩ་དེ་དག་གི་གྱེན་ལ་རྒྱུ་བ་དང་། ཐུར་དུ་འཕེན་པ་དང་། ལོགས་ལ་ཤར་བ་དང་། འཁྲུག་པ་དང་། སྒྲིལ་བ་དང་། རྐྱང་པ་དང་། སྦོམ་པ་དང་། ཕྲ་བ་དང་། ཡལ་ག་ཅན་རྣམས་ཀྱིས། ཁྲག་དང་། ཆུ་སེར་དང་། དབུགས་ཀྱི་རྟེན་དང་། རྟ་བྱེད་པའོ།། འགྱུར་བྱེད་དང་། རིང་ཐུང་དང་། འཕར་བའི་ལས་བྱེད་པ་ནི་བདུན་ཅ་རྩ་གཉིས་ཏེ་འཕེན་པ་རླུང་གི་ལས་བྱེད་པའོ།། འགྱུར་བ་དང་། འཕྲིག་པ་དང་། འཕེལ་བ་ནི། ནད་ཀྱི་འདུ་མཆེད་སྣ་ཚོགས་སུ་བྱེད་པའོ།། འགྱུར་བ་དང་། འཁྲོག་པ་དང་། འཛིན་པས་ནི་ཉོན་མོངས་པ་བདག་དང་བཅས་པའི་ལས་བྱེད་པའོ།། གང་བ་དང་། སྟོང་པ་དང་། སེལ་བས་ནི་དྭངས་སྙིགས་འབྱེད་པའི་ལས་བྱེད་པའོ།། འདར་བ་དང་། འཕྲིལ་བ་དང་། གསེང་བས་ནི། བདེ་བ་དང་། སྡུག་བསྔལ་དང་། བཏང་སྙོམས་ཀྱི་ལས་བྱེད་པའོ།། དེ་ལྟར་རྩའི་འཁོར་ལོ་འདུས་པའི་དབུས་སུ་ཡི་གེའི་རང་སྒྲ་དང་། འོད་ཀྱི་གདངས་འཁྲུགས་པ་ལས། སྣ་ཚོགས་དཀར་དམར་འོད་ཀྱི་འཁོར་ལོ་འཁྲུགས་པས་དབང་པོ་ལྔ་ལྔ་སོ་སོར་འཛིན་པའི་རྩ་ལས། དབང་པོ་ལྔའི་སྒོ་ལས་རང་རང་གི་ཡི་གེའི་འོད་འཁྲུགས་པས། སྣ་ཚོགས་ཀྱི་བདེ་སྡུག་ཏུ་མཆེད་ཅིང་འབར་བར་འགྱུར་རོ།། རྩ་དེ་དག་ཀུན་གྱི་ནང་ཡེ་ཤེས་ཀྱི་ངོ་བོར་བཞུགས་པའམ་ལམ་དུ་བཞུགས་པ་དངོས་མ་ཡིན་ཏེ། ཡེ་ཤེས་ཀྱི་གདངས་སམ་རྩལ་གྱི་ཁྱབ་པ་ཏིལ་འབྲུ་ལ་མར་གྱིས་ཁྱབ་པའམ་ཉི་ཟེར་བུ་གར་ཤར་བ་བཞིན་ནོ།། རྩའི་རང་ངོ་ཡེ་ཤེས་ཀྱི་རྩལ་ལས་ལྟ་སྒོམ་སྤྱོད་པའི་རྟེན་དུ་གནས་སོ།། དེ་ལྟར་འབྱུང་བ་གཉིས་འདུས་པའི་ལས་བྱས་པས་ལུས་ཀྱི་དབང་པོ་དང་། ཡན་ལག་དང་། པགས་པ་དང་། བ་སྤུ་ལ་སོགས་པ་ལེགས་པར་བསྐྱེད་ལ། དེ་ནས་བདུན་ཚན་དགུ་དང་ཞག་བཞི་ལོན་པའི་དུས་ན། རླུང་གི་སྟོབས་ཀྱིས་འགུལ་བ་དང་། ཡན་ལག་བསྐྱོད་པའི་ལས་སུ་འགྱུར་ཏེ། མའི་ཤ་ཁྲག་གི་དྭངས་མའི་ཟས་ལ་སྤྱོད་པ་འབྱུང་ངོ་།། འདིའི་དུས་སུ་ཀུན་གཞིའི་རྣམ་པར་ཤེས་པ་ཚོགས་པའི་རྟེན་དག་པའི་ལོངས་སྤྱོད་ཅིང་ཡུལ་དང་དབང་པོ་ཉེ་བར་ལེན་པ་ཙམ་དུ་གྱུར་པའོ།། དེ་ལྟར་ལུས་ཀྱི་རྩེ་མོ་མགོ་ཡིན་ལ་དེ་ན་རྩའི་རྣམ་གྲངས་ཡི་གེའི་སྤྲེལ་ལྟ་བུར་བཀོད་པས་རྩེ་མོ་རྣམ་པར་ཀོད་པའི་འཁོར་ལོ་ཞེས་བྱའོ།། དེ་དག་སོ་སོའི་བྱེད་ལས་ཚོགས་པ་ལས་རླུང་གི་སྲིན་བུ་སྟོང་ཕྲག་བརྒྱད་ཅུ་རྩ་ལྔ། ཡི་གེའི་སྟོབས་ཀྱིས་འཁྲོག་པ་དང་། རླུང་གི་སྟོབས་ཀྱིས་འགུལ་བ་དང་། ཁ་༡ ཟས་ཉེ་བར་ལེན་པ་དང་། ལུས་སོ་སོ་འགྲོ་འགུལ་དུ་བྱུང་ལ་སྐུ་ཡོད་པའི་སྟོབས་ཀྱིས་སྲིན་བུ་དེ་དག་སོ་སོའི་ཤེས་པ་གསལ་བར་བྱུང་ངོ་།། སྔར་གྱི་སྲིན་བུ་རྣམས་ཀྱང་དེ་བཞིན་ནོ།། སྲིན་བུ་དེ་དག་རླུང་གིས་འགྱུར་བ་དང་། སྟོངས་པ་དང་། འཁུམས་པ་དང་། འཆེས་པ་དང་། འཁྲིལ་བ་ལས། ལུས་ཀྱི་འབྱུང་བ་རྣམས་འཁྲུགས་ཏེ། རླུང་དང་། མཁྲིས་པ་དང་། བད་ཀན་དང་། འདུས་པའི་ནད་རྣམས་བསླང་སྟེ། བདེ་སྡུག་ཏུ་སྨིན་པའོ།། དེ་དག་གི་རྣམ་གྲངས་དབྱེ་ན་བཅུ་དྲུག་ཏུ་འགྱུར་ལ། དེ་ཉིད་ཕོ་མོའི་འགྱུར་གྱི་ཕྱེ་བས་མོ་ནད་སུམ་ཅུ་རྩ་གཉིས་སུ་འགྱུར་ལ། དེ་དག་གི་རྣམ་འགྱུར་གྱི་གྲངས་ལས་ཐུན་མོང་གི་ནད་བཞི་བརྒྱ་དང་རྩ་བཞིར་མཆེད་པར་བྱེད་དོ།། དེ་ལྟར་རྩེ་མོ་རྣམ་པར་བཀོད་པའི་འཁོར་ལོ་ན་རྩ་སུམ་བརྒྱ་དང་དྲུག་ཅུའི་ནང་ན། ཀ་ཀ་ཀི་ཀི་ལ་སོགས་པའི་ཡི་གེ་བདུན་བརྒྱ་དང་ཉི་ཤུ་གནས་ལ། འོད་ཀྱི་གོང་བུ་སུམ་བརྒྱ་དང་དྲུག་ཅུ་སྟེ་བསྡོམས་པ་སྟོང་ཕྲག་གཅིག་དང་བརྒྱད་ཅུ། ཀུན་བཟང་ཡབ་དང་ཡུམ་གྱི་སྐུ་ཉིས་སྟོང་བརྒྱད་བརྒྱ་པོ་རེ་རེ་ལ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གསུམ། ཐུགས་ཀ་ན་ཡེ་ཤེས་སེམས་དཔའ་སྤུས་བྲིས་པའི་རྣམ་པ་ལྟ་བུ་རེ་རེ་སྟེ། སུམ་སྟོང་ཉིས་བརྒྱ་དང་བཞི་བཅུ་ཐམ་པ། སྲིན་བུ་ཁྲི་ཕྲག་བརྒྱད་དང་སྟོང་ཕྲག་ལྔ། ཡི་གེ་དེ་ཙམ་ཅིག་དེའི་ནང་ན་སོ་སོའི་ཡེ་ཤེས་ཀྱི་ས་བོན་དེ་ཙམ་ཞིག་སྟེ། འབུམ་ཕྲག་གསུམ་དང་ཁྲི་ཕྲག་ཕྱེད་དང་གསུམ། འདིའི་དུས་ན་ལུང་དུ་མ་བསྟན་པའི་ཉོན་མོངས་པ་ཁྲི་ཕྲག་བརྒྱད་དང་སྟོང་ཕྲག་ལྔ་སྟེ། འབུམ་ཕྲག་བཞི་དང་ཁྲི་ཕྲག་གཅིག གོང་དུ་རྩ་ལས་འཕེལ་བའི་སྟོང་ཕྲག་གསུམ་དང་ཉིས་བརྒྱ་བཞི་བཅུ་སྟེ། འབུམ་ཕྲག་གསུམ་དང་ཁྲི་ཕྲག་གཅིག་དང་སྟོང་ཕྲག་གསུམ་དང་ཉིས་བརྒྱ་བཞི་བཅུ་ཐམ་པར་གནས་སོ།། དབང་པོ་དང་དབང་རྟེན་གྱི་ཆོས་ཏེ་རྣམ་གྲངས་དཔག་ཏུ་མེད་པ་འདུས་པས་ན་ཀུན་གཞི་ཞེས་བྱའོ།། དེ་ལྟར་ལུས་ཀྱི་འཁོར་ལོ་བཞི་པོའི་རྩ་རྣམས་ཀྱི་སྲོག་ཤིང་རོ་རྐྱང་ཀུན་འདར་མ་གསུམ་གྱིས། ཕྱིར་ལུས་ངག་ཡིད་གསུམ་བསྐྱེད། ནང་བུ་སྐུ་གསུམ་ཐུགས་གསུམ་བསྐྱེད། གསང་བར་སྤྲུལ་སྐུ། ལོངས་སྐུ། ཆོས་སྐུ་གསུམ་བསྐྱེད་པས་ན་ཀ་བའི་ཚུལ་དུ་དྲང་པོར་གནས་སོ།། དེ་ཡང་ཡབ་ཀྱི་ཐིག་ལེ་ཡི་གེ་ཨྰོཾ་ཨྰཿཧྰུྃ་གི་སྒྲ་དང་བཅས་པ་འཐོན་ཏེ་ཡུམ་གྱི་མཁར་ཐིམ། མའི་རྐྱེན་ཡང་འབྲུ་གསུམ་གཡི་སྒྲ་དང་བཅས་ཏེ། སྒྲ་དྲུག་པོ་ནང་འཐབས་པས་བུའི་ལུས་ངག་ཡིད་གསུམ་གྱི་གཞི་ཐིངས་ནས་རོ་རྐྱང་དབུ་མ་གསུམ་དུ་གྱུར་པའི་དབུས་མའི་ནང་དུ་ཨྰོཾ་དང་འོད་དང་ཀུན་བཟང་ཡབ་ཡུམ་གྱི་སྐུ་དང་གསུམ་དུ་གྲུབ་ལ། གཡས་སུ་ཨྰཿདང་འོད་དང་སྐུ་གསུམ། གཡོན་དུ་ཧྰུྃ་དང་འོད་དང་སྐུ་གསུམ་གྲུབ་སྟེ། སྐུ་གསུང་ཐུགས་གསུམ་གསུམ་གྱི་རྟེན་དུ་གྲུབ་པའོ།། དེ་ལྟར་འཁོར་ལོ་བཞི་ལས་དང་པོ་ལུས་ལ་སོགས་པའི་ཀུན་གཞི་བསྐྱེད་པས་ལྟེ་བ་དང་། དེ་ནས་ཤེས་པ་འགྲུབ་པས་དྲན་པ་འདུས་པ་སྙིང་ག་དང་། དྲན་པའི་རོ་མྱོང་བ་ངག་གི་སྨྲ་བྱེད་དུ་བྱུང་བའི་རོ་རྣམས་མགྲིན་པ་དང་། ཀུན་གྱི་རྩེ་མོ་རྣམ་བཀོད་སྤྱི་བོ་སྟེ་བཞི་ཚན་དུ་ངེས་པའོ།། དེ་ཡང་རྩའི་ནང་གི་ཡི་གེ་རྣམས་རླུང་གི་སྒྲ་གཡོས་པ་ལས། སྐད་འབྱུང་ལ། ཡི་གེ་གསལ་བ་རྣམས་ནི་སྐད་སྙན་པའོ།། མི་གསལ་ན་མི་སྙན་ཞིང་། རྩ་ཡིག་མ་དག་པ་ལས་སྐད་འདར་བ་དང་། དག་པ་དང་། རྩེ་མོ་ཅན་ལ་སོགས་པར་འབྱུང་ངོ་།། རྩའི་གནད་ལས་སྒྱུར་བས། སྐྱེས་པ་རྣམས་སྐད་སྦོམ་པ་ནི་རིགས་ཅན་གྱི་རྩ་མེད་པ་དང་རྩ་སྦུབས་ཡངས་པས་སྦོམ་པའོ།། དེ་ཡང་ཡངས་པ་དང་། རབ་ཏུ་ཡངས་པ་དང་། ཆེར་ཡངས་པ་ལས་སྐད་སྦོམ་པ་དང་། རབ་ཏུ་སྦོམ་པ་དང་། ཆེར་སྦོམ་པ་ལ་སོགས་པ་འབྱུང་ངོ་།།
བུད་མེད་ལ་རིགས་ཅན་ལྔས་རྩ་སྣ་གཏུམས་ཤིང་སྦུག་མ་དོག་པས། སྐད་ཀྱང་འདོད་པའི་ས་བོན་ནམ་གཡོས་པ་ཙམ་ནས་ཕྲ་སྟེ། གསལ་ཞིང་འཇམ་པ་འདོད་ཆགས་ལས་གྲུབ། འཇམ་ཞིང་དེས་པ་མ་རིག་པ་ལས་གྲུབ། འགྱུར་ཞིང་འཕྲོག་པ་ཞེ་སྡང་ལས་གྲུབ། ཕྲ་ཞིང་སྙན་པ་ང་རྒྱལ་ཕྲག་དོག་གཉིས་ལས་གྲུབ་པའོ།། སོས་དལ་ལ་སྨྲ་བ་ཉུང་བ་ནི་བདེ་བ་སྐྱེ་བའི་རིགས་སོ།། བདེ་ཞིང་གནོད་མེད་སྨྲ་བ་བུ་ནོར་འཕེལ་བའི་རིགས་སོ།། དེ་ལྟར་བདུན་ཚན་བཞིར་ལུས་འཆགས་ལ། དགུར་རྫོགས་ཏེ། བར་དོར་ཞག་བཞི་བཅུ་རྩ་དགུའི་བག་ཆགས་སོག་པའི་རྟེན་དུ་བྱུང་བའོ།། དེ་ནས་ཆེར་འཕེལ་ཏེ། བུ་ཁྱེའུ་རྣམས་ནི་མའི་གློ་གཡས་ནས་ཁ་ནང་དུ་ལྟ་ལ། བུ་མོ་རྣམས་ནི་གཡོན་ནས་ཕྱིར་ལྟ་བས་གནས་པ་ནི། རང་གི་ཁྱིམ་འཛིན་པ་དང་། གཞན་གྱི་ཁྱིམ་དུ་འགྲོ་བའི་རྟེན་འབྲེལ་གྱི་བྱེད་པ་དེ་ལས་བྱུང་བའོ།། དེ་ནས་ཁྱེའུ་རྣམས་ཟླ་བ་དགུ་ངོ་དང་བཅུ་ན་བཙའ་ལ། བུ་མོ་རྣམས་ཟླ་བ་དགུ་ན་བཙས་ཏེ། རླུང་ཨ་ཝ་དྷཱུ་ཏཱི་ནས་སྣ་སྦུག་གཡས་གཡོན་ལ་དངོས་སུ་རྒྱུ་བས། ཉོན་མོངས་པ་ཇེ་རགས་ལ་སོང་སྟེ། ལས་དུ་མའི་སོག་བྱེད་ལ་གནས་པའོ།། དེ་ཡང་ཀུན་རྫོབ་རང་སོའི་འབྱུང་བ་བཞིས་ལུས་སྨིན་པར་བྱས་པ་ནི། ས་ལས་ཤ་དངོས་སུ་གྲུབ་པར་བྱས། ཆུ་ལས་ཁྲག མེ་ལས་དྲོད། རླུང་ལས་དབུགས་དངོས་གྲུབ་པའོ།། ཤ་ལས་གཏི་མུག ཁྲག་ལས་འདོད་ཆགས། དྲོད་ལས་ཞེ་སྡང་། དབུགས་ལས་ང་རྒྱལ། ཕྲག་དོག་ལ་སོགས་པའི་རྣམ་རྟོག་ཐ་དད་པའི་རྒྱུ་རྐྱེན་དུ་ཤར་རོ།། འདོད་ཆགས་ལས་ལུས་དངོས་སུ་སྨིན་པར་བྱས་པ་ནི། ཐོག་མ་འདོད་ཆགས་ཀྱི་ཀུན་སློང་བྱས་པ་ལས་བྱུང་ངོ་།། ཞེ་སྡང་ལས་ཁྲག་ཏུ་སྨིན་པ་ནི། ཐོག་མ་ཞེ་སྡང་ལ་བརྟེན་ནས་སྒྲ་བརྗོད་པ་ལས་བྱུང་བའོ།། གཏི་མུག་ལས་ཡིད་སྣ་ཚོགས་པར་སྨིན་པ་ནི། ཐོག་མ་གཞི་མ་རིག་པ་ལས་འཁྲུལ་པ་ལས་བྱུང་ངོ་།། དེ་ལྟར་གསུམ་ཡང་དབུགས་ཀྱི་རྟ་ལ་ཞོན་ནས་འགྲོ་བས། དུག་གསུམ་གྱི་རྟོག་པ་ཐ་དད་འཆར་བའོ།། དེ་ཡང་གཏི་མུག་གི་སྨིན་སོ་འགྲོ་བ་ལ་གཉིད་དུ་འབྱུང་། འདོད་ཆགས་ཀྱི་སྨིན་སོ་དགོད་པའི་གད་མོར་བྱུང་། ཞེ་སྡང་གི་སྨིན་སོ་རྨི་ལམ་སྣ་ཚོགས་སུ་འབྱུང་བའོ།། ཤ་གཏི་མུག་གིས་བསྐྱེད་པའི་རྟགས་སུ་འགྲོ་བ་ཤ་གང་ཆེ་བ་གཉིད་ཆེ། དྲོད་ཞེ་སྡང་གིས་བསྐྱེད་པའི་རྟགས་སུ་ཕྱིའི་ནམ་ཟླ་ལ་དྲོད་རླན་ཕེབས་པའི་དུས་སུ་རྨི་ལམ་མང་ངོ་།། ཞེ་སྡང་སྐྱེས་དུས་ལུས་ཡང་ལ་དྲོད་སྐྱེ་ཞིང་ངག་སྨྲ་བ་ལ་བརྩོན་པའོ།། ཁྲག་འདོད་ཆགས་ཀྱིས་བསྐྱེད་པའི་རྟགས་སུ་ཁྲག་གི་རྒྱུ་བ་ལ་བརྟེན་ནས་རྒོད་པ་འབྱུང་། འདོད་ཆགས་སྐྱེས་དུས་རླན་དང་རྡུལ་ལ་སོགས་པ་གཤེར་བའི་ཆ་འབྱུང་བའོ།། དེ་ཡང་ཤ་ལ་བརྟེན་ནས་གཟུགས་ཀྱི་ཕུང་པོར་མཆེད། ཁྲག་ལས་འདུ་ཤེས། དྲོད་ལས་རྣམ་ཤེས། དབུགས་ལས་འདུ་བྱེད། རླུང་ཕྱིར་འགྲོ་བ་ལ་བརྟེན་ནས་ཚོར་བར་མཆེད་པའོ།། དེ་ཡང་ཤས་རྩ་བསྐྱེད། རྩས་རླུང་བསྐྱེད། རླུང་གིས་ལས་དང་ཡེ་ཤེས་གཉིས་ཀ་བསྐྱེད་དོ།། ལས་ཀྱིས་འཁོར་བ་སྡུད། ཡེ་ཤེས་ཀྱིས་མྱ་ངན་ལས་འདས་པ་སྡུད་དོ།། དེ་ཡང་ཁྲག་ལ་བརྟེན་ནས་ཆུ་སེར་བསྐྱེད། དེས་ཐིག་ལེ་བསྐྱེད། ཐིག་ལེས་ཀུན་རྫོབ་ཀྱི་སྨིན་སོ་དབང་ལོ་ལྔ་བྱུང་། དབང་པོའི་རྒྱུ་ཉོན་མོངས་པ་ལྔ། རྐྱེན་ཡུལ་ལྔ། འདས་མ་འོངས་ད་ལྟའིི་རྟོག་ཚོགས་འདུས་པ་ལས་འཁོར་འདས་ཀྱི་རྒྱུར་བྱུང་བའོ།། དེ་ལ་དོན་དམ་པའི་འབྱུང་བ་བཞི་ནི། ཁ་དོག་དཀར་པོ་རབ་ཏུ་ཕྱེད་པ་ལས། རྒྱང་ཞགས་ཆུའི་སྒྲོན་མའི་རྒྱུ་བྱས། སའི་རྩ་ལས་བྱུང་། དམར་པོ་རབ་ཏུ་དམར་བ་ལས་ཐིག་ལེ་སྟོང་པའི་སྒྲོན་མའི་རྒྱུ་བྱས། ཆུའི་རྩ་ལས་བྱུང་། སེར་པོ་རབ་ཏུ་སེར་བ་ལས་དབྱིངས་རྣམ་པར་དག་པའི་སྒྲོན་མའི་རྒྱུ་བྱས། མེའི་རླུང་གི་རྩ་ལས་བྱུང་། ཁ་དོག་ལྗང་གུ་རབ་ཏུ་ལྗང་བ་ལས། ཤེས་རབ་རང་བྱུང་གི་སྒྲོན་མའི་རྒྱུ་བྱས། རླུང་གི་རྩ་ལས་བྱུང་ངོ་།། དེ་ཡང་ཤེས་རབ་རང་བྱུང་གིས་རིག་པ་བསྐྱེད། རྒྱང་ཞགས་ཀྱིས་འོད་བསྐྱེད། ཐིག་ལེས་སྐུ་བསྐྱེད། དབྱིངས་ཀྱིས་ཡེ་ཤེས་བསྐྱེད་དོ།། རྒྱང་ཞགས་ཀྱིས་ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་། ཐིག་ལེ་སྟོང་པས་ཉམས་གོང་འཕེལ་མཐོང་། དབྱིངས་ཀྱིས་རིག་པ་ཚད་ཕེབས་མཐོང་། ཤེས་རབ་རང་བྱུང་གི་སྒྲོན་མས་ཆོས་ཉིད་ཟད་པའི་སྣང་བ་ལ་སྤྱོད་པའོ།། དེ་དག་ཀྱང་སྒོ་མིག་ནས་ཡེ་ཤེས་ཤར་བ་ལ་དངོས་སུ་སྤྱོད་པའོ།། ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། བག་ཆགས་ལུས་ཀྱི་གྲུབ་ཚུལ་བསྟན་པ་སྟེ་རིམ་ཁང་བཅུ་གཅིག་པའོ།། །།

Leave a Reply

Be the First to Comment!

Notify of
avatar
wpDiscuz