༄། །སྲིད་པ་འཁོར་ལོའི་ངོ་སྤྲོད།

image_pdfimage_print

 

༈     སྲིད་པ་འཁོར་ལོའི་དཔེ་རིས་འདི་ཉིད།  དང་པོ་རྒྱ་གར་གྱི་རྒྱལ་པོ་གཟུགས་ཅན་སྙིང་པོས་སྟོན་པའི་བཀའ་བཞིན་སྒྲ་སྒྲོག་གི་རྒྱལ་པོ་ཨུ་ཌ་ཡ་ན་ལ་སྐྱེས་ལན་འབུལ་བྱེད་དུ་བྲིས་ཤིང་བཟོ་རིག་པའི་དང་པོ་ཡིན༎

 

དཔེ་རིས་ཀྱི་དབུས་སུ་བྱ་ཕག་སྦྲུལ་གསུམ་བྲིས་པ་ནི། བྱའི་རིགས་འདོད་ཆགས་ཆེ་བ་དང་།  སྦྲུལ་གྱི་རིགས་ཞེ་སྡང་ཤས་ཆེ་བ།  ཕག་གི་རིགས་ལ་གཏི་མུག་ཤས་ཆེ་བས་དེ་གསུམ་གྱིས་རང་རེ་རྣམས་འཁོར་བར་འཁོར་བྱེད་གཞི་འམ་རྩ་བ་འདོད་ཆགས།  ཞེ་སྡང་།  གཏི་མུག་གསུམ་མཚོན་པ་ཡིན༎

 

བྱ་སྦྲུལ་གཉིས་ཕག་པའི་ཁ་ནས་ཐོན་པར་བྲིས་པ་ནི།  རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱིས་གཙོས་པའི་འཁོར་བའི་ཉེས་པ་ཐམས་ཅད་ཉོན་མོངས་དུག་གསུམ་རྩ་བ་བྱས་པ་ལ་བརྟེན་ནས་བྱུང་བ་མ་ཟད།  ཆགས་སྡང་གཉིས་ཀྱང་རྩ་བ་གཏི་མུག་ལས་བྱུང་བར་མཚོན༎

 

དེའི་མཐར་ལམ་དཀར་ནག་གཉིས་བྲིས་པ་ནི།  བདེ་འགྲོ་དང་ངན་འགྲོའི་བར་སྲིད་ལ་དགེ་སྡིག་གི་ལས་དཀར་ནག་གཉིས་སུ་ངེས་པར་མཚོན།  དེ་ཡང་མི་དགེ་བའི་ལས་ཀྱིས་ངན་སོང་དུ་སྐྱེ་བ་ཡིན་ན།  བར་སྲིད་སྐབས་མཚན་མོར་མགོ་བོ་ཐུར་དུ་བཙུགས་ནས་འགྲོ་བའི་སྣང་བ་དང་།  དགེ་བའི་ལས་ཀྱིས་མཐོ་རིས་སུ་སྐྱེ་བ་ཞིག་ཡིན་ན།  མཚན་མོར་ཟླ་འོད་ཀྱིས་ཁྱབ་པའམ་གང་རི་ལ་ཉི་འོད་ཐོག་མར་ཕོག་པ་ལྟ་བུ་དང་ལམ་གྱེན་དུ་འགྲོ་བའམ།  ཐད་ཀར་འགྲོ་བ་སོགས་ཀྱི་སྣང་བ་འཆར༎

 

ལས་མཁན་གྱིས་ཐག་པས་བཀྱིགས་ནས་འཁྲིད་པར་བྲིས་པ་ནི།  ངན་སོང་དུ་འགྲོ་བའི་བར་སྲིད་པ་རྣམས་ནི་སྡིག་པའི་ལས་ཀྱིས་རང་དབང་མེད་པར་བདས་པ་དང་།  འགའ་ཤས་ལས་མཁན་འཇིགས་སུ་རུང་བས་ཐག་པས་བསྡམས་ནས་འཐེན་པའི་འཇིགས་སྣང་དཔག་མེད་སྐྱེ་བ་མཚོན།  བདེ་འགྲོའི་བར་སྲིད་ཡིན་ན་དེ་འདྲའི་འཇིགས་སྣང་མེད༎

 

བར་དུ་ལྷ་དང་མི།  ལྷ་མ་ཡིན།  དམྱལ་བ།  ཡི་དྭགས།  དུད་འགྲོའི་བཀོད་པ་བྲིས་པ་ནི།  འཁོར་བ་འཁོར་བའི་གནས་ལ་འགྲོ་བ་རིགས་དྲུག་ཏུ་ངེས་པར་མཚོན༎

 

མཐའ་སྐོར་གཡས་ཕྱོགས་སུ་དང་པོར་དམུས་ལོང་འཁར་བ་ལ་བརྟེན་ནས་འགྲོ་བར་བྲིས་པ་ནི།  མ་རིག་པའི་རྟེན་འབྲེལ་མཚོན་ཏེ།  དམུས་ལོང་བདེ་བའི་ལམ་དུ་འགྲོ་བ་ལ་རྨོངས་པ་ལྟར།  མ་རིག་པས་ལས་འབྲས་དང་རྟེན་འབྲེལ་གྱི་གནས་ལུགས་ལ་རྨོངས་ཤིང་།  ཚུལ་མིན་ཡིད་བྱེད་ལ་བརྟེན་ནས་ཕྱིན་ཅི་ལོག་ཏུ་བཟུང་སྟེ་དགེ་སྡིག་གི་ལས་ལ་གྱ་ཚོམ་དུ་འཇུག་པར་བྱེད་པའོ༎

 

གཉིས་པར་རྗ༹་མཁན་བྲིས་པ་ནི།  འདུ་བྱེད་གྱི་རྟེན་འབྲེལ་མཚོན་ཏེ།  རྗ༹་མཁན་གྱིས་རྗ༹་མ་ཆེ་ཆུང་བཟང་ངན་སྣ་ཚོགས་བཟོ་ཐུབ་པ་ལྟར། ལས་ཀྱི་རྟེན་འབྲེལ་གྱིས་རྣམ་སྨིན་གྱི་ཕུང་པོ་ཆེ་ཆུང་དང་བཟང་ངན་སྣ་ཚོགས་སྐྱེད་པར་བྱེད་པ་ཡིན༎

 

གསུམ་པ་སྤྲེའུ་ཤིང་རྩེར་གནས་པར་བྲིས་པ་ནི།  རྣམ་ཤེས་ཀྱི་རྟེན་འབྲེལ་མཚོན་ཏེ།  སྤྲེའུས་ཤིང་གི་རྩེ་གཅིག་ནས་གཅིག་ཏུ་བརྒྱུད་དེ་འཕོ་བསྐྱོད་བྱེད་པ་ལྟར།  རྣམ་ཤེས་ཀྱིས་སྐྱེ་བ་སྔ་ཕྱི་བར་གསུམ་གྱི་རྣམ་སྨིན་གྱི་ཕུང་པོ་གཅིག་ནས་གཅིག་ཏུ་བརྒྱུད་དེ་སྐྱེ་འཆི་འདོར་ལེན་བྱེད་པ་ཡིན༎

 

བཞི་པ་གྲུ་གཟིངས་བྲིས་པ་ནི།  མིང་གཟུགས་ཅི་རིགས་པའི་རྟེན་འབྲེལ་མཚོན་ཏེ།  གྲུ་གཟིངས་འགྲུལ་པ་ཚུ་རོལ་ནས་ཕ་རོལ་སྐྱེལ་འདྲེན་བྱེད་པའི་རྟེན་གཞི་དང་།  མཁོ་བའི་དངོས་པོ་འཇོག་པའི་སྣོད་བྱེད་པ་ལྟར།  མིང་གཟུགས་ཅི་རིགས་པས་ཀྱང་སྐྱེ་བ་སྔ་མ་ནས་འདིར་འོངས་ཤིང་།  འདི་ནས་ཕྱི་མར་འགྲོ་བའི་རྣམ་ཤེས་ཀྱི་རྟེན་དང་།  འབྲས་བུ་བདེ་སྡུག་ཐམས་ཅད་འབྱུང་བའི་སྣོད་དམ་ཕུང་པོའི་ངོ་བོར་འཇི༹ན་པར་བྱེད་པའི་ཕྱིར༎

 

ལྔ་པ་ཁང་པ་སྟོང་པར་བྲིས་པ་ནི།  སྐྱེ་མཆེད་ཀྱི་རྟེན་འབྲེལ་མཚོན་ཏེ།  ཁང་སྟོང་གནས་ཀྱི་ངོ་བོ་གྲུབ་ཀྱང་བརྟེན་པ་བདག་པོ་མེད་པ་ལྟར།  སྐྱེ་མཆེད་ཀྱི་གནས་སྐབས་སུ་རྟེན་དབང་པོ་ལྔའི་ངོ་བོ་རྗོ༹གས་པར་གྲུབ་ཀྱང་བརྟེན་པ་རྣམ་ཤེས་ལྔ་འགྲུབ་རྒྱུ་ཡིན་པའི་ཕྱིར།།

 

དྲུག་པར་ཕོ་མོ་ཕན་ཚུན་འཁྱུད་ཅིང་འོ་བྱེད་པའི་རྣམ་འགྱུར་བྲིས་པ་ནི།  རེག་པའི་རྟེན་འབྲེལ་མཚོན་ཏེ།  ཕོ་མོ་ཐོག་མར་འཁྱུད་ཅིང་འོ་བྱེད་པའི་ཚེ་རེག་པའི་དགའ་བ་ཙམ་ལས་འཁྲིག་པའི་བདེ་བ་ཡོངས་སུ་མི་རྗོ༹གས་པ་ལྟར།

 

རེག་པའི་རྟེན་འབྲེལ་གྱི་ཚེ་ཚ་གྲང་འཇམ་རྩུབ་ལ་སོགས་པའི་རེག་བྱ་གང་དང་གང་འཕྲད་ཀྱང་དེ་ལྟར་རེག་པའི་སྣང་བ་ཙམ་ལས་བྱུང་བའི་ཚོར་བ་བདེ་སྡུག་རྗོ༹གས་པར་མྱང་མི་ཐུབ་པའི་གནས་སྐབས་ཡིན་པའི་ཕྱིར།།

 

བདུན་པར་མིག་ལ་མདའ་ཟུག་པར་བྲིས་པ་ནི།   ཚོར་བའི་རྟེན་འབྲེལ་མཚོན་ཏེ།  མིག་ལ་མདའ་ཟུག་མ་ཐག་ཏུ་ཚོར་བ་སྡུག་བསྔལ་ངང་གིས་སྐྱེ་བ་ལྟར།   རེག་པ་དེ་ཉིད་ནུས་པ་ཤས་ཆེར་གྱུར་ནས་ཚ་གྲང་དང་།  འཇམ་རྩུབ་ཇི་ལྟར་རེག་པ་ན་དེའི་ཚོར་བ་བདེ་སྡུག་ངང་གིས་སྐྱེ་བའི་ཕྱིར༎

 

བརྒྱད་པར་སྐྱེས་བུ་ཆང་འཐུང་བར་བྲིས་པ་ནི།  སྲེད་པའི་རྟེན་འབྲེལ་མཚོན་ཏེ།  ཆང་འཐུང་སྐྱེས་བུས་ཆང་གི་བྲོ་བ་མྱང་བ་ན་དེ་ཆགས་ཞན་རང་ཤུགས་ཀྱིས་འཕེལ་ཏེ་རང་སེམས་དེ་ལ་གཡེང་བ་ལྟར།  སྲེད་པས་འཁྲུལ་སྣང་གི་དངོས་པོར་ཡིད་ཆགས་ཏེ།  དེ་དང་དེ་ཐོབ་ན་སྙམ་པ་འམ་དེ་དང་མ་བྲལ་ན་སྙམ་པའི་སྲེད་ཞན་གྱིས་ཡིད་གདུང་བར་བྱེད་པའི་ཕྱིར༎

 

དགུ་པར་སྤྲེའུས་ཤིང་ཏོག་ལེན་པར་བྲིས་པ་ནི།  ལེན་པའི་རྟེན་འབྲེལ་མཚོན་ཏེ།  སྤྲེའུས་རང་གི་ཡིད་དུ་འོང་བའི་ཤིང་ཏོག་ལ་སེམས་གཡོ་ཞིང་ལག་ཏུ་ལེན་བཞིན་པ་ལྟར།  སྲེད་པ་དེ་ཉིད་ཤས་ཆེར་སོང་ནས་འདོད་པའི་དངོས་པོ་དྭང་དུ་ལེན་པའི་སེམས་རབ་ཏུ་གཡོ་བར་བྱེད་པའི་ཕྱིར།།

 

བཅུ་པར་བུད་མེད་སྦྲུམ་མར་བྲིས་པ་ནི།  སྲིད་པའི་རྟེན་འབྲེལ་མཚོན་ཏེ།  སྦྲུམ་མས་རང་གི་ཕྲུ་གུ་ཕྱིར་འབྱུང་བར་མངོན་དུ་ཕྱོགས་པ་ལྟར་རྣམ་ཤེས་ཀྱི་སྟེང་དུ་འདུ་བྱེད་ཀྱི་ལས་གང་ཡང་རུང་བའི་བག་ཆགས་བཞག་པ་ལ་སྲེད་ལེན་གྱིས་གསོས་བཏབ་སྟེ་ལས་ཀྱི་ནུས་པ་མཐུ་ཆེན་དུ་གྱུར་ཏེ་རྣམ་སྨིན་གྱི་ཕུང་པོ་གསར་དུ་འགྲུབ་པ་ལ་མངོན་དུ་ཕྱོགས་པའི་ཕྱིར༎

 

བཅུ་གཅིག་པར་ཕྲུ་གུ་བཙའ་བར་བྲིས་པ་ནི།  སྐྱེ་བའི་རྟེན་འབྲེལ་མཚོན་ཏེ།  ཕྲུག་གུ་མའི་མངར་ནས་ཕྱི་རོལ་དུ་ཐོན་པའི་སྐབས་ལྟར།  རྣམ་ཤེས་ཕུང་པོ་རྙིང་པ་ནས་ཕྱིར་ཐོན་ཏེ་བར་སྲིད་དུ་ཞུགས་པ་དང་།  བར་སྲིད་ནས་སྐྱེ་སྲིད་དུ་འཕོ་བར་བྱེད་པའི་ཕྱིར༎

 

བཅུ་གཉིས་པར་མི་རོ་འཁུར་བར་བྲིས་པ་ནི།  རྒ་ཤི་ཅི་རིགས་པའི་རྟེན་འབྲེལ་མཚོན་ཏེ།  མིའི་རོ་མཐོང་བ་དེའི་རྐྱེན་གྱིས་འཆི་བ་ངང་གིས་དྲན་ཞིང་།  རང་གི་ན་ཚོད་གཞན་དུ་འགྱུར་ཏེ་ཇེ་རྒུད་དུ་སོང་བ་ནས་བཟུང་རྒ་བའི་རྟེན་འབྲེལ་དང་།  འབྱུང་བཞི་རིམ་གྱིས་བསྡུས་ནས་ཚེ་འདིའི་ཕུང་པོ་དང་།  ཡིད་ཀྱི་རྣམ་ཤེས་གཉིས་འབྲེལ་ཐག་ཆད་པ་ན་ཤི་བའི་རྟེན་འབྲེལ་གྲུབ་པ་ཡིན༎

 

དེ་དག་འཁོར་ལོའི་རྣམ་པར་འཆི་བདག་གི་ཁ་དང་རྐང་ལག་བཞིས་དམ་དུ་བཟུང་བར་བྲིས་པ་ནི།  ལས་དང་ཉོན་མོངས་པའི་དབང་གིས་སྲིད་པ་འདིར་སྐྱེ་བ་ལེན་པ་མཐའ་དག་མཐར་འཆི་བདག་གི་དབང་དུ་མ་གྱུར་པ་མེད་པ་དང་། དེ་ཡང་ལན་རེ་གཉིས་ཙམ་མ་ཡིན་པར་ཇི་སྲིད་འཁོར་བའི་རྩ་བ་མ་སྤངས་པ་དེ་སྲིད་སྐྱེ་རྒ་ན་འཆིའི་སྡུག་བསྔལ་འཁོར་མོར་མྱང་སྟེ་སྲིད་རྩེ་ནས་མནར་མེད་བར་རྟག་ཏུ་འཁོར་བར་མཚོན་པ་ཡིན༎

 

སྟེང་དུ་ཟླ་བའི་གཟུགས་བརྙན་བྲིས་པ་ནི།  སྡུག་བསྔལ་མཐའ་དག་ཞི་བའི་ཞི་བ་མྱང་འདས་སམ།  བདུད་བཞི་ཕྲ་རག་མ་ལུས་པ་བཅོམ་པའི་སངས་རྒྱས་ཀྱི་གོ་འཕང་མཚོན་པ་ཡིན༎

 

དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཕྱག་བརྐྱངས་ཏེ་བསྟན་པ་ནི།  ཞི་བ་མྱང་འདས་འདི་ལྟ་བུ་ཞིག་མ་ཐོབ་ན་འཁོར་བའི་རྒྱ་མཚོའི་སྡུག་བསྔལ་གྱི་འཇིང་དུ་རྟག་ཏུ་འཁོར་བ་ལས་ཐར་དུས་མེད་པས་འགྲོ་བ་རྣམས་ཀྱིས་ཞི་བ་མྱང་འདས་ཀྱི་གོ་འཕང་ཐོབ་པའི་ཐབས་ལ་བརྩོན་དགོས་ཞེས་བརྡ་ཐབས་ཀྱིས་འདོམས་པར་མཇ༹ད་པ་མཚོན༎

 

ཡང་བདེན་བཞིའི་བླང་དོར་མཚོན་པའི་དབང་དུ་བྱས་ན། འགྲོ་བ་རིགས་དྲུག་གི་སྣོད་བཅུད་ཀྱི་བཀོད་པས་སྡུག་བསྔལ་བདེན་པ་མཚོན།  དབུས་ཀྱི་བྱ་སྦྲུལ་ཕག་གསུམ་གྱིས་ཉོན་མོངས་པའི་ཀུན་འབྱུང་དང་།  དེའི་མཐར་ལམ་དཀར་ནག་གཉིས་ཀྱིས་ལས་ཀྱི་ཀུན་འབྱུང་མཚོན།  རྟེན་འབྲེལ་བཅུ་གཉིས་ཀྱི་རི་མོས་འཁོར་བ་ཇི་ལྟར་འཁོར་བའི་ཚུལ་དང་། ཐུབ་པའི་སྐུ་བརྙན་གྱིས་ལམ་བདེན།  ཟླ་བ་ཤར་བ་དེས་ཞི་བ་འགོག་བདེན་མཚོན་ཞིང་།  དེ་ལ་བཅོམ་ལྡན་འདས་ཀྱིས་ཕྱག་བརྐྱངས་པ་ནི་ལམ་བདེན་ལ་བརྟེན་ནས་ཞི་བ་མྱང་འདས་ཇི་ལྟར་ཐོབ་པའི་ཐབས་མཚོན་པ་ཡིན།  དེས་ན་གཏན་གྱི་བདེ་བ་དོན་དུ་གཉེར་བའི་འགྲོ་བ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་རྟེན་འབྲེལ་ལུག་འབྱུང་ལྡོག་གི་རྣམ་གཞག་ཞིབ་ཕྲ་ཁོང་དུ་ཆུབ་པ་བྱས་ཏེ་བདེན་བཞིའི་བླང་དོར་ཕྱིན་ཅི་མ་ལོག་པའི་ལམ་ཉམས་སུ་བླངས་ནས་གཏན་གྱི་བདེ་བ་མཐར་ཐུག་རྒྱལ་བའི་གོ་འཕང་ཐོབ་པའི་ཐབས་ལ་ཅི་ནས་འབད་པ་གལ་ཆེའོ༎ །།

Leave a Reply

Be the First to Comment!

Notify of
avatar
wpDiscuz