གཡུ་ཐོག་སྙིང་ཐིག་གི་རྩ་རླུང་འཕྲུལ་འཁོར་གྱི་རྩ་ཚིག

image_pdfimage_print

སྔོན་འགྲོ་ནི།
དང་པོ་རྩ་ནང་རླུང་རོ་སྦྱང་།།
༼ཟིན་བྲིས། རླུང་རོ་སྦྱང་བའི་ལུས་གནད་ནི།། ཙོག་པུར་རྐང་བསྣོལ་སྒལ་ཚིགས་བསྲང་།། ལག་གཉིས་པུས་འཁྱུད་སྣ་གཉིས་ནས།། ཞི་དྲག་མ་ནིང་གསུམ་གསུམ་འབུད།།༽
རྩ་བ་སྡོམ་ཚིག
དང་པོ་རྩ་ནང་རླུང་རོ་སྦྱང་།། གཡས་དང་གཡོན་དང་མདུན་གསུམ་དུ།། འཇམ་རིང་རྫོགས་པ་གསུམ་གསུམ་འབུད།།

གཉིས་པ་རང་ལུས་དག་པར་སྦྱང་།།
༼ཟིན་བྲིས། གཉིས་པ་ལུས་འདུལ་འཇམ་རླུང་བཟུང་།། སེམས་སྐྱིལ་ཁུ་ཚུར་པུས་སྟེང་ནས།། གྱེན་གཞལ་ནུ་སྟེང་ཁུ་ཚུར་ནི།། བརྐྱང་བསྐུམ་བསྣུན་པ་གསུམ་རྗེས་སུ།། གཡས་གཡོན་ལག་པ་རེ་མོས་སུ།། བཤུན་རྫས་མདུན་རྒྱབ་མགོ་རྐེད་དང་།། རྐང་གཉིས་བརྐྱང་བསྐུམ་རེ་མོས་སུ།། ལག་གཉིས་ཐད་སྦྱར་གྱེན་ཐུར་བཤུད།།༽

གསུམ་པ་ལུས་ཀུན་ཁྱབ་པར་འཕུར།།
༼ཟིན་བྲིས། གསུམ་པ་རླུང་བཟུང་མགོ་ལུས་ཀུན།། ལག་གཡས་ཕུར་བུབ་ཡོངས་རྫོགས་བྱ།། ༽
རྩ་བ་སྡོམ་ཚིག
དེ་ནས་དལ་བུས་རྔུབ་བྱས་ལ།། ལྟེ་འོག་མནན་ཞིང་ཐུར་སེལ་འཐེན།། དང་པོ་ལུས་ཀུན་ཁྱབ་པར་འཕུར།།

བཞི་བ་རྐེད་པ་གཡས་གཡོན་སྐོར།།
༼ཟིན་བྲིས། བཞི་བ་རླུང་བཟུང་སྐྱིལ་དྲུང་བཙོག། ལག་གཉིས་པུས་འཁྱུད་རྐེད་པ་ནི།། གཡས་གཡོན་བརྒྱ་བརྒྱ་སྐོར་ཞིང་སྡིག ༽

རྩ་བ་སྡོམ་ཚིག དེ་ནས་རྐེད་པ་གཡས་གཡོན་སྐོར།།

ལྔ་པ་རོ་སྟོད་གཡས་གཡོན་གཅུ།།
༼ཟིན་བྲིས། ལྔ་པ་སྐྱིལ་དྲུང་རླུང་བཟུང་ནས།། ལག་གཉིས་སོར་བསྣོལ་སྤྱི་བོར་བཀབ།། གྲུ་མོ་བརྐྱང་ལ་རོ་སྟོད་ཉིད།། གཡས་གཅུ་གཡོན་གཅུ་ཉེར་གཅིག་བྱ།། ༽
རྩ་བ་སྡོམ་ཚིག
རོ་སྟོད་གཡས་གཅུ་གཡོན་གཅུ་བྱས།།

དྲུག་པ་མགོ་བོ་གཡས་སྐོར་རོ།།
༼ཟིན་བྲིས། དྲུག་པ་ལུས་གནད་སྐྱིལ་དྲུང་ལ།། རླུང་བཟུང་ལག་གཉིས་པུས་མོ་བཀབ།། མགོ་བོ་གཡས་གཡོན་ཉེར་གཅིག་སྐོར།།༽
རྩ་བ་སྡོམ་ཚིག
མགོ་བོ་སྐོར་ཞིང་
བདུན་པ་ལག་གཉིས་རེས་མོས་སྤྲུག།
༼ཟིན་བྲིས། བདུན་པ་སྐྱིལ་དྲུང་རླུང་བཟུང་ནས།། ལག་པ་གཡས་གཡོན་རེས་མོས་དང་།། མགོ་བོར་གཡས་གཡོན་རེས་མོས་དང་།། ཟུར་དུ་ཡང་ནི་མགོ་བོ་ལ།། ཕྱི་སྐོར་སྤྱི་གཙུག་བདུན་བདུན་སྤྲུག། ༽

རྩ་བ་སྡོམ་ཚིག
ལག་པ་སྤྲུག།

བརྒྱད་པ་རྐང་གཉིས་བརྐྱང་བསྐུམ་བྱ།།
༼ཟིན་བྲིས། བརྒྱད་པ་སྐྱིལ་དྲུང་རླུང་བཟུང་དང་།། ལག་གཉིས་ཁུ་ཚུར་སྙིང་གར་བསྣོལ།། རྐང་གཉིས་བརྐྱང་བསྐུམ་ཟུང་འཇུག་སྟེ།། ལན་གྲངས་བཅུ་བཅུ་ལན་གསུམ་བྱ།། ༽
རྩ་བ་སྡོམ་ཚིག ཤ་༣༦༧
རྐང་པ་རྐྱང་སྐུམ་དྲག་ཏུ་བྱ།། འཕྲུལ་འཁོར་འདི་རྣམས་རེ་རེ་ལ།། ཆུན་བཏོན་དར་དྲག་ཡུན་རིང་འབད།། བདེ་གསལ་མི་བསྐྱེད་ཏིང་འཛིན་བསྐྱེད།།

རྩ་ཟུག་རླུང་ལྡང་གྱུར་ན།། འབེབ་ཆུང་འབེབ་གདན་ཚད་ལྡན་ལ།། དམིགས་པ་རླུང་སྦྱོང་གོང་ལྟར་ལ།། ལག་གཉིས་ལངས་ཏེ་ནམ་མཁར་འཕྱར།། དཔྱི་འགོ་འབེབ་གདན་སྟེང་ཉིད་དུ།། ཤུགས་ཅན་སྟོབས་དང་དུས་གཅིག་ཏུ།། ལག་གཉིས་པུས་མོའི་སྟེང་དུ་འགེབ།། ལངས་ནས་སྔར་བཞིན་ཡང་ཡང་རྡེབས།། རླུང་ཁུག་རེ་དང་ཐུན་རེ་ལ།། ཅི་ཙམ་ནུས་པ་འབད་བྱས་ནས།། ཐབས་ལམ་ཡོན་ཏན་མ་ལུས་སྐྱེ།། གེགས་དང་བར་ཆད་ཁམས་འདུས་སེལ།།

དྲོད་ལ་བོགས་འདོན་འཁྲུལ་འཁོར་ནི།། རླུང་སྦྱོར་དམིགས་པ་གོང་འདྲ་ལ།། ཁྱད་པར་བདག་གཞན་སྣང་བ་ཀུན།། མེ་དཔུང་རབ་ཏུ་འབར་བ་བསྒོམ།། ལུས་འདི་བཙོག་པུར་འདུག་བྱས་ཏེ།། རྐང་གཉིས་བསྣོལ་བའི་མཐེ་བོང་ལ།། ལག་གཉིས་བསྣོལ་ནས་གཡས་གཡོན་བཟུང་།། མིག་གཉིས་བར་སྣང་དཀྱིལ་དུ་གཏད།། རྐེད་པ་གཡས་སྐོར་གཡོན་སྐོར་ནི།། ཆུན་ལྡན་དྲག་ཏུ་བྱ་བ་གཅེས།། ལུས་དྲོད་མེ་བཞིན་འབར་བར་འགྱུར།།

ཐིག་ལེ་འཆོར་བ་འཛིན་པའི་གནད།། རླུང་ནི་ཕྱི་རུ་རྫོགས་པར་ཕུ།འབུད། ཐུབ་ཚད་འདར་ཕྲིལ་མནན་པར་བྱ།། དེ་དང་དུས་གཅིག་ལག་པ་གཅིག། ཁ་སྦུབ་ཕྱིར་བཀན་གཤོག་ལྟར་བརྐྱང་།། ཤུགས་ལྡན་མུན་རྩལ་ཐིག་ལེ་ཟིན།། རླུང་དེ་མ་ཐུབ་ནང་འཇུག་ཚེ།། རྫོགས་པར་རྔུབ་ལ་དེ་མ་ཐག། ཧུཾ་རིང་དབུགས་ཀྱིས་ཆོད་ཁྱོལ་བ།། དྲིལ་བུའི་སྒྲ་འདྲ་ཉེར་གཅིག་སྡུད།། དེ་དུས་ལུས་གནད་རྐང་བ་བརྐྱང་།། གཤིབས་པའི་མཐེ་བོང་ལག་གཉིས་འཐེན།། ཚང་ར་རྒྱབ་འཕུལ་ལུས་ཀུན་ནི།། ཐང་ཤ་བཅད་ལ་མགོ་ཡང་དགུག། འདྲེན་ལ་འདི་ལས་ཟབ་པ་མེད།།
དེ་རྗེས་ཁ་སྦྱོར་རླུང་བཟུང་ལ།། སེང་གེ་རྣམ་གྲོལ་བྱས་པས་ཁྲེམས།། རྗེས་ལ་རླུང་བཟུང་ལུས་རྒྱབ་འཕུར།།

དངོས་གཞིའི་འཕྲུལ་འཁོར་རིམ་པ་ནི།

དགུ་བ་ཟླ་བ་བཙོན་དུ་བཟུང་།།
༼ཟིན་བྲིས། དགུ་པ་པང་དཀྱིལ་ལག་གཉིས་སོ།། མིག་ཐད་མདུན་མཁར་ཤད་བརྐྱང་དང་།། དུས་མཉམ་དྲག་རླུང་ཕྱིར་བུས་ལ།། ཁུག་པ་བདུན་པར་ནང་སྡུད་སྤང་།། ༽

བཅུ་པ་རྐང་མཐེབ་བརྐྱང་འཐེན་འདྲེན།།
༼ཟིན་བྲིས། བཅུ་པ་རྐང་གཉིས་བརྐྱང་པ་ཡིས།། ལག་གཉིས་མཐེབ་མཛུབ་རྐང་མཐེབ་གཉིས།། སོ་སོར་བཟུང་ལ་ཧུཾ་རིང་ནི།། དྲག་ལ་ཡུན་རིང་ལན་བདུན་དྲངས།། དམིགས་པ་བྱང་སེམས་མེ་སྟག་ཉིད།། རླུང་བསྐྱོད་ནམ་མཁར་སོང་བ་ལྟར།། སྤྱི་བོ་ནས་འཕོ་ནམ་མཁར་འཕོ།། ༽

བཅུ་གཅིག་རྐང་མཐེན་ཕྱི་འདྲེན་བྱ།།
༼ཟིན་བྲིས། བཅུ་གཅིག་རླུང་བཟུང་རླུང་འཁྲབ་རྗེས།། རྐང་གཉིས་བར་དུ་རྐང་གང་བཞག། ལག་པ་སྒྱིད་ནང་སོ་སོ་ནས།། ཕྱིར་ཕྱུང་མཐེབ་མཛུབ་རྐང་མཐེབ་བཟུང་།། དམིགས་པ་གོང་ལྟར་གསལ་ངང་ནས།། ཧ་ཡི་སྟོང་འདྲེན་ལྔ་རེ་དང་།། ནང་འཛིན་ཕོ་རླུང་ལྒང་སྒྲིལ་གྱི།། འདྲེན་པ་ལྔ་ལ་རེ་མོས་བྱ།། ༽

བཅུ་གཉིས་སོར་བཅུ་ལྟག་བསྣོལ་འདྲེན།།
༼ཟིན་བྲིས། བཅུ་གཉིས་ལག་གཉིས་སོར་མོ་བསྣོལ།། ལྟག་ཁུང་བཀབ་ལ་གྲུ་མོ་གཉིས།། མདུན་བརྒྱད་མགོ་གུག་རྐང་པ་གཉིས།། པད་སྐྱིལ་རླུང་གནད་ཧ་དྲག་པོས།། སྟོང་འདྲེན་བདུན་ནི་བརྩོན་པས་དྲངས།། ༽

བཅུ་གསུམ་སེང་གེ་རྣམ་རོལ་བྱ།།
༼ཟིན་བྲིས། བཅུ་གསུམ་རྡོ་རྗེ་དཀྱིལ་ཀྲུང་བཅས།། རླུང་བུང་སྟེང་འོག་ཉྭ་བཞི་བསྒྲིམ།། ལག་གཉིས་གྲུ་བརྒྱང་མཐེབ་གཉིས་ཀྱིས།། རྣ་བ་གཉིས་མནན་གུང་མཛུབ་གཉིས།། མིག་མནན་སྲིན་མཛུབ་མཐེབ་སྲིན་གྱིས།། ཁ་སྣ་བཀག་ལ་གཡས་གཡོན་དུ།། ལན་ནི་བདུན་བདུན་བསྐོར་རྗེས་ལ།། སྐྱིལ་དྲུང་བཞིག་བཏབ་ཧས་འདོན་ཞིང་།། ལག་གཉིས་སོར་བརྐྱང་ཟུང་འཕོང་སྤྲུག། ༽

བཅུ་བཞི་སེང་གེ་རྩལ་སྤྲུག་འབེབ།།
༼ཟིན་བྲིས། བཅུ་བཞི་སེམས་སྐྱིལ་ཁུ་ཚུར་གཉིས།། པུས་སྟེང་བརྒྱང་ལ་རླུང་བཟུང་ནས།། ཁུ་ཚུར་གྱེན་བསྒྲེང་ནུ་སྟེང་གཉིས།། གཅིག་བསྣུན་ལན་གཉིས་ནམ་མཁར་བརྒྱང་།། འབེབ་བསྟུན་གཡས་འགྱིངས་གཡོན་འགྱིངས་རྗེས།། ལག་གཉིས་པུས་བཀབ་གཡས་གཡོན་གཅུ།། སྤྲུག་ཅིང་གོང་ལྟར་ལན་ལྔ་བྱ།། ༽

བཅོ་ལྔ་སྒྲོམ་གློད་ལུས་ཀུན་སྤྲུག།
༼ཟིན་བྲིས། བཅོ་ལྔ་སེམས་སྐྱིལ་ཁུ་ཚུར་གཉིས།། པུས་སྟེང་བཞག་ལ་རུང་བཟུང་སྤྲུག། ཕྱི་རླུང་བུས་ལ་སྟོང་པ་སྤྲུག། རེ་མོས་ལན་གྲངས་གསུམ་གསུམ་བྱ།། ༽

བཅུ་དྲུག་ཡོན་ཏན་ཀུན་རྫོགས་བྱ།།
༼ཟིན་བྲིས། བཅུ་དྲུག་འབེབ་ཁུང་འབེབ་གདན་ཁར།། རང་ལུས་རྡོ་རྗེ་རྩེ་ལྔ་བསམ།། རླུང་བཟུང་ལག་གཉིས་པུས་ཁར་བཀབ།། འཕོང་བཏེགས་གཡས་འགྱིང་གཡོན་དབུས་འགྲིལ།། ཁུ་ཚུར་གྱེན་གཞལ་ནམ་མཁར་བསྒྲེངས།། གཡས་གཡོན་གཡོན་དབུས་བརྒྱང་རྗེས་སུ།། འབེབ་བསྟུན་ལག་གཉིས་དཔྱི་ཟུར་དུ།། སོ་སོར་རྡོ་རྗེ་ཁུ་ཚུར་གཉིས།། ཁ་གྱེན་ལ་བསྟན་ལག་གཉིས་བསྒྲིམ།། དེ་ལྟར་གྱེན་བསྒྲེང་ཐུར་ཕབ་གཉིས།། རླུང་འཐེན་རེ་ལ་ལྔ་རེ་གདབ།། ཕྱི་འབུད་ནང་འཛིན་ངལ་མེད་པར།། ཉེར་ལྔ་གདབ་རྗེས་རླུང་རོ་བསལ།། དེ་ལྟར་སྟོང་རྩའི་བར་དུ་ནི།། ཉེར་ལྔ་བརྒྱ་རྩ་ཉིས་སྟོང་དང་།། བཞི་སྟོང་བརྒྱད་བརྒྱ་སྟོང་རྩ་བརྩེགས།། དེ་ནི་གེགས་སེལ་རླུང་ཀུན་འགྲེ།། ༽

བཅུ་བདུན་རིགས་ལྔ་མཁའ་ལ་བབ།།
༼ཟིན་བྲིས། བཅུ་བདུན་རླུང་ཀན་བརྐྱལ་བྱ།། ཡན་ལག་བཞི་པོ་ཟུར་ཉིད་ལ།། གྲུམ་མོ་པུས་མོ་བཀུག་ལ་བསྒྲིམ།། ནམ་མཁའ་བླ་མ་བཞུགས་པ་ལ།། སེམས་གཏད་གྱེན་དུ་འཕག་ཅིང་གདབ།།ལྣ་གྲངས་བཅུ་ཡི་བར་དུ་འབད།། ༽

བཅོ་བརྒྱད་བཀའ་རྒྱའི་འདེབས་པའོ།།
༼ཟིན་བྲིས། བཅོ་བརྒྱད་རླུང་བཟུང་སྐྱིལ་དྲུང་བཙོག། ལག་གཉིས་ཁུ་ཚུར་ནུ་སྟེང་དུ།། བརྐྱང་བསྐུམ་འབེབ་བསྟུན་ཉེར་གཅིག་རྗེས།། ཧ་འདོན་འཁྲུལ་འཁོར་གོང་ལྟར་དུ།། ཉེར་གཅིག་འབེབ་པས་རྩ་རླུང་གི། གེགས་རྣམས་མ་ལུས་སེལ་བར་འགྱུར།། དེ་རྗེས་སྐྱིལ་དྲུང་བུམ་ཅན་ནི།། གསུམ་ལྔ་བདུན་ལ་སོགས་པ་འབྱུང་།། འདི་ལྟར་ཕྱག་ལེན་མ་འཕྱུག་པ།། ཉམས་བླང་རྩ་རླུང་ཐིག་ལེ་ཡི།། དགོངས་པ་རྡོ་རྗེ་རྣམ་གསུམ་ཉིད།། ཚེ་འདིར་མངོན་འགྱུར་ཐེ་ཚོམ་མེད།། ཉི་ཟླ་གྲགས་པས་ཟིན་བྲིས་བཀོད། ཤ་༣༨༩༽

Leave a Reply

Be the First to Comment!

Notify of
avatar
wpDiscuz