བོད་གངས་ཅན་དང་གངས་ཅན་ཕྱི་རོལ་གྱི་སྐྱེ་དངོས་སྨན་རྫས་ཀྱི་ཁྱད་པར་མི་འདྲ་མཐོང་བའི་མྱོང་ཚོར་ཐོར་བུ།

image_pdfimage_print

སྨན་རམས་པ་ཟླ་བ།

བོད་གངས་ཅན་གྱི་ཡུལ་ནི་འཛམ་གླིང་གི་ཡང་རྩེར་གནས་ཤིང་ཁོར་ཡུག་གངས་རིས་བསྐོར་བ་དང་། ས་གཙང་ཞིང་ཁ་རླུང་དྭངས་བ། ཡུལ་ལྗོངས་མཛེས་ཤིང་ཉམས་དགའ་བ། རི་མཐོ་ཀུན་གྱི་རྩེ་མོར་གངས་རི་དང་། དེ་ནས་མས་རིམ་བཞིན་ཚོན་མདོག་སྣ་ཚོགས་ལས་གྲུབ་པའི་རྫ་རི། སྐྱེ་དངོས་སྣ་ཚོགས་ཀྱིས་བརྒྱན་པའི་སྤང་རི། ཤིང་རིགས་སྣ་ཚོགས་ལས་གྲུབ་པའི་ནགས་ཀླུང་། མེ་ཏོག་རྣམ་པར་བཀྲ་བའི་སྤང་གཤོངས་སོགས་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་འདྲ་བའི་རང་འབྱུང་ཁམས་ཀྱི་ཆ་རྐྱེན་སྣ་ཚོགས་པ་ལས་གྲུབ་པའི་སྨན་རྫས་ཀྱི་འབྱུང་ཁུངས་ཕུན་སུམ་ཚོགས་པ་ཞིག་ཡིན། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་རྒྱ་གར་ས་ཁོངས་འབྲས་ལྗོངས་ཁུལ་དང་།  མ་ནྰ་ལི། མེ་ཏོག་གི་རོང་།  ཧིམ་ཀུན་ད། ལ་དྭགས་སོགས་ཀྱི་ས་བབ་ཆགས་སྟངས་དང་མཐོ་ཚད་སོགས་སྤྱིར་བོད་དང་ཕྱོགས་འདྲ་ཡང་། རྒྱ་བལ་ནི་གངས་ལྗོངས་ཀྱི་ཕྱི་རོལ་དུ་ཆགས་པའི་ས་དམའ་ཞིང་ཚ་དྲོད་ཆེ་བའི་ཡུལ་ལུང་ཞིག་ཡིན་སྟབས་དེའི་ཁོར་ཡུག་ཚ་དྲོད་ཆེ་བའི་སྟོབས་ཀྱིས་ས་མཐོ་ཡང་བསིལ་བའི་སྟོབས་དང་མི་ལྡན་པ་དང་། བོད་ནི་ཁོར་ཡུལ་གངས་རིས་བསྐོར་བའི་བསིལ་ལྡན་གྱི་ལྗོངས་ཤིག་ཡིན་ཞིང་།  ཁོར་ཡུག་འདིའི་ནང་ཆགས་པའི་ས་ཆ་ཇི་ལྟར་དམའ་ནའང་ཁོར་ཡུག་བསིལ་བའི་སྟོབས་ཀྱིས་རྒྱ་བལ་སོགས་ཀྱི་ཚ་དྲོད་ལྟར་འཕེལ་མི་ཐུབ་པའི་ཁྱད་པར་ཡོད།

སྐྱེ་དངོས་རྩི་ཤིང་གི་རིགས་ནི་རང་འབྱུང་ཁམས་ཀྱི་ཆ་རྐྱེན་དེ་དག་གི་ཆོས་མཐུན་པའི་ངང་ནས་སྐྱེ་འཕེལ་དང་འཚར་ལོངས་བྱེད་པ་ཡིན། དེ་ལྟར་བོད་དུ་གང་སྐྱེ་བའི་སྔོ་སྨན་ཇི་བཞིན་རྒྱ་བལ་སོགས་ལ་ཁ་ཕྱོགས་པའི་ཧི་མ་ལ་ཡའི་རི་བརྒྱུད་དུ་སྣེ་འཛོམས་སྐྱེ་མི་ཐུབ་པའམ། གལ་ཏེ་སྐྱེ་ཡང་རིགས་གཅིག་ལ་ཁྱད་ཆོས་སོགས་མི་འདྲ་བའི་ཁྱད་པར་དང་།  ཡང་ན་རིགས་མཐུན་ཡང་སྐྱེ་བོངས་དང་རོ་སོགས་ཤས་ཆེ་ཆུང་གི་ཁྱད་པར་ཡོད་པ་མཐོང་།  དེ་ཡང་གཞུང་དུ་སྨན་རྫས་གང་དག་འབྱུང་བ་ལྔ་ཀ་ཚོགས་པ་ལས་བསྐྱེད་པར་འགྱུར་ཚུལ་གསུངས་པ་སྟེ། ས་ཡིས་ནི་སྨན་རྫས་གང་དག་གི་རྒྱུའམ་ས་བོན་ཉིད་སྐྱེ་བའི་གཞི་རྟེན་བྱེད་པ་དང་།  ཆུས་བརླན་པར་བྱེད་པ། མེ་ཡིས་དྲོད་སྐྱེད་པར་བྱེད་དེ་སྨིན་པ། རླུང་གིས་བསྐྱོད་ཅིང་ཆེས་ཆེར་འཕེལ་བར་བྱེད་པ། ནམ་མཁས་ཆེར་སྐྱེ་བའི་གོ་སྐབས་འབྱེད་པ་བཅས་ལས་གྲུབ་པ་ཞིག་ཡིན། ཞེས་གསུངས་པ་ལྟར། ཕྱིའི་ས་བབ་ཀྱི་ཆགས་སྟངས་འདྲ་རུང་།  ནང་འབྱུང་བའི་ཆ་རྐྱེན་དང་ཤས་ཆེ་ཆུང་གི་དབང་ལས་སྐྱེ་དངོས་རང་རང་གི་རྒྱུའམ་ས་བོན་གྱི་རྗེས་མཐུན་པར་སྐྱེ་འཕེལ་བྱེད་པ་ཡིན། དེ་བཞིན་ས་བོན་གཅིག་ལ་སྐྱེ་སའི་ས་བབ་དང་གནམ་གཤིས་སོགས་ཀྱི་ཁྱད་པར་ལས་སྐྱེ་དངོས་འདིའི་གཞི་རྩའི་ཁྱད་ཆོས་མ་འགྱུར་ཡང་།  སྐྱེ་བའི་བོངས་ཚད་དང་།  རོ་དང་ནུས་པ་སོགས་ལ་ཁྱད་པར་དང་འགྱུར་བ་འགྲོ་ཡི་ཡོད་པ་གཞུང་དུ་ཇི་ལྟར་བསྟན་པ་བཞིན་མངོན་སུམ་དུ་སྣང་བ་དང་།  དེང་དུས་ཚན་རིག་པས་ཀྱང་ངོས་འཛིན་དང་ཁས་ལེན་བྱེད་ཀྱི་ཡོད། དེ་ནི་གཙོ་བོ་འབྱུང་བའི་ནུས་པར་འགྱུར་བ་ཕྱིན་པ་ལས་བྱུང་བ་ར་སྤྲོད་གསལ་པོ་ཐུབ།
ཁོ་བོ་ལོ་མང་རིང་བོད་ནང་སྔོ་སྨན་ལ་ཆེད་གཉེར་དོ་སྣང་དང་ཉམས་ཞིབ་བྱས་ཏེ་བྱུང་བའི་མྱོང་ཚོར་དང་།  བྱེས་ལ་འབྱོར་ནས་ལོ་ཤས་ནང་མུ་མཐུད་དེ་ལས་དོན་འདིའི་ཐད་ཆེད་གཉེར་བྱས་ཏེ་ཧི་མ་ལ་ཡའི་རི་བརྒྱུད་རྒྱ་གར་དང་བལ་ཡུལ་གྱི་ས་གནས་ཁག་གཅིག་ལ་སྔོ་སྨན་འཚོལ་ཞིབ་བྱེད་པར་བསྐྱོད་པའི་མྱོང་ཚོར་དངོས་ཀྱི་ཐོག་ནས་བྱུང་བའི་སྨན་རྫས་ཁག་གཅིག་གི་མི་འདྲ་བའི་ཁྱད་པར་མཐོང་བ་རྨོངས་སེམས་ཀྱི་ཚུལ་དུ་དཔེ་མཚོན་ཙམ་བརྗོད་དེ་མ་འོངས་བོད་ཀྱི་སྨན་རྫས་ལ་ཉམས་ཞིབ་དོ་སྣང་དང་།  སློབ་སྦྱོང་དང་ལག་ལེན་གནང་མཁན་སོགས་ལ་དཔྱད་གཞི་དང་ཕན་པའི་རེ་སེམས་བཅང་ནས་ཞུ་བ་ལ།
 

དང་པོ། ཚེར་སྔོན།
དེ་ཡང་དང་པོ་བོད་དུ་སྐྱེ་བའི་ཚེར་སྔོན་དང་།  རྒྱ་གར་ཧི་མྰ་ཅལ་མཁའ་ཁོངས་མ་ནྰ་ལི་ཁུལ་དུ་སྐྱེ་བའི་ཚེར་སྔོན་གཉིས་ཀྱི་བར་ཁྱད་མཐོང་བ་བརྫོད་པ་ལ། བོད་དུ་སྐྱེ་བའི་ཚེར་སྔོན་ནི་སྤྱིར་བཏང་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་མི་ཀྲར་ ༣༧༥༠ ནས་ ༣༩༠༠ ཙམ་བར་གྱི་ས་འབོལ་ཞིང་བཞའ་བརླན་ཡོད་པའི་བྲག་མཚམས་ཀྱི་བསིལ་གྲིབ་ལ་ཕལ་ཆེར་སྐྱེས་པ་དང་།  རྨ་རིའི་ཁུལ་དུ་སྐྱེ་བའི་ཚེར་སྔོན་ནི་མང་ཆེ་བ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ་མི་ཀྲར་ ༣༧༠༠ ནས་ ༣༩༠༠ བར་གྱི་བྱེ་ས་ཤས་ཆེ་བའི་བྲག་མཚམས་ཀྱི་ཉིན་སྲིབ་གང་རུང་གི་རི་ལྡེབས་སུ་སྐྱེ་བ་ཡིན། དེ་ལྟར་སྐྱེ་སའི་མཐོ་དམན་ཕྱོགས་འདྲ་ཡང་ས་རྒྱུ་དང་ས་བབས་ཆ་རྐྱེན་དང་།  དེ་བཞིན་གནམ་གཤིས་ཀྱི་འགྱུར་བ་སོགས་ཀྱི་ཁྱད་པར་མི་འདྲ་བའི་ཐོག་གཙོ་བོ་རང་རང་གི་རྒྱུའམ་ས་བོན་གྱི་གྲུབ་ཆ་མི་འདྲ་བའི་ཁྱད་པར་ལས། གཞི་རྩའི་སྡོང་གཟུགས་ཀྱི་ཁྱད་ཆོས་དང་། མེ་ཏོག་གི་དབྱིབས་སོགས་ཕྱོགས་འདྲ་ཡང་། མེ་ཏོག་གི་ཁ་དོག་དང་། ལོ་མའི་དབྱིབས་གཟུགས་སོགས་ལ་ཁྱད་ཤིན་ཏུ་ཆེ་བར་མཐོང་། བོད་དུ་སྐྱེ་བའི་ཚེར་སྔོན་གྱི་ལོ་འདབ་ནི་ཁ་དོག་ལྗང་ལ་རལ་གྲིའི་དབྱིབས་ཅན་ལ་མེ་ཏོག་སྔོ་བསངས་ནམ་མཁའ་ལྟར་དྭངས་ཤིང་མཛེས་པ་དང་། ལོ་སྡོང་དང་མེ་ཏོག་གི་གོས་ལ་ཚེར་མ་ཁབ་རྩེ་ལྟར་རྣོ་ལ་གྱོང་བ་དང་། སྡོང་པོར་སྨུག་ཤས་ཡོད། རྨ་རིར་སྐྱེ་བའི་ཚེར་སྔོན་གྱི་ལོ་མ་ལྗང་སྐྱ་མདོག་ལ་ཞེང་ཞེ་ཞིང་སྲབ་ལ་ངར་བ་རིང་བ་དང་། ལོ་མར་ཉ་ག་དོད་དེ་སྒྲོ་དབྱིབས་ལྟར་ཆགས་པ། མེ་ཏོག་སྔོ་སྐྱ་མདངས་ཞན་ལ་ཅུང་ཟད་ཆུང་བ། ལོ་སྡོང་སོགས་ཀྱི་ཚེར་མ་ཡང་ཅུང་ཟད་ཕྲ་ལ་ཉུང་བ་སོགས་ཀྱི་ཁྱད་པར་ཡོད། །
ཤེལ་ཕྲེང་དུ་འཁྲུངས་དཔེ་དྲངས་པ་ལས། ཨ་བྱག་ཚེར་སྔོན་སྔོ་ཡི་རིགས། །ལོ་མ་སྡོང་པོ་ཚེར་མ་ཅན། །མེ་ཏོག་སྔོན་པོ་རོ་ནི་ཁ། །ཞེས་དང་། ཡང་ལོ་མ་སྡོང་པོ་མེ་ཏོག་གི་གོས་དང་གོང་བུ་རྣམས་ཚེར་མའི་རང་བཞིན་ལས་སྐྱེ་ཚུལ་སྡོང་པོ་ཨུཏྤལ་སེར་པོ། ཨུཏྤལ་སྔོན་པོ་འདྲ་ལ་ཁྱད་པར་འདིའི་མེ་ཏོག་སྔོ་བསངས་ཡིན། ཞེས་དང་། ཡང་འདི་ལ་རིགས་གསུམ་འོང་ཡང་དོན་ནུས་པ་སོགས་མཚུངས་ཚུལ་ནི། སྡོང་པོ་ཁོང་སྟོང་སྦོམ་པ་ལ་ཡལ་ག་མང་བ་གོང་བཤད་འདི་དང་གཅིག ལོ་མ་སྔ་མ་ལས་ཆེ་ཞིང་སྡོང་པོ་སྨུག་པོ་ཟྭ་ཤིང་འདྲ་བ་སྨུག་པོ་ལ་ཤིང་གི་ཡལ་ག་ལྟར་གྱེས་པ་ལས་མེ་ཏོག་འཆར་བ་དང་གཉིས། རྩ་བ་གཅིག་ལ་སྡོང་པོ་སོ་སོར་གྱེས་པ་ལས་སྤྱི་སྡོང་ཆེ་བ་མེད་པ་རྒྱ་མེན་ལྟར་སྐྱེ་པ་དང་གསུམ་མོ། ཀུན་ཀྱང་ཚེར་མའི་རང་བཞིན་ཅན་ནོ། ཞེས་གསུངས་པ་ལྟར་ཚེར་སྔོན་གྱི་ཁྱད་ཆོས་གསལ་བཤད་གནང་བའི་ནང་ལོ་མར་ཉ་ག་ཡོད་པ་གསལ་མེད་ལ། ཚེར་སྔོན་གྱི་གཞི་རྩའི་སྡོང་གཟུགས་ཀྱི་ཁྱད་ཆོས་མི་འདྲ་བའི་ཁྱད་པར་ལ་བརྟེན་ནས་རིགས་གསུམ་དུ་དབྱེར་ཡོད་ཀྱང་རྩ་ལོ་མེ་འབྲས་སོགས་འདྲ་མཚུངས་ཡིན་པར་བསྟན་ཡོད། གཞན་ཡང་བཻ་སྔོན་ལས། ཚེར་སྔོན་ཞེས་བྱ་སྔོ་ཡི་རིགས། །ལོ་སྡོང་གདུག་རྩུབ་ཚེར་མ་ཅན། །མེ་ཏོག་སྔོན་པོ་རོ་ནི་ཁ། །ཞེས་དང་དེའི་ལུང་འཕྲོར། རི་མཐོ་སར་སྐྱེ་བའི་ལོ་མ་ལྗང་བ་རལ་གྲིའི་དབྱིབས་ཅན་ཆུང་ཞིང་མེ་རྐང་སྨུག་པོ་ཐེའུ་སོགས་ཚང་མར་ཚེར་མས་ཁྱབ་ཅིང་རེག་བྱ་ཤིན་ཏུ་རྩུབ་ལ་མེ་ཏོག་སྔོན་པོ་ཁ་དོག་མཚར་བ་ཟེའུ་འབྲུ་སེར་པོ་དབྱིབས་རྒྱ་མེན་ལྟར་འཆར་བ། ཞེས་གསུངས་པ་ལྟར་དང་། ཡང་མཁྱེན་རབ་ནོར་བུས་མཛད་པའི་འཁྲུངས་དཔེ་གསེར་སྙེ་ལས། ཨ་བྱག་ཚེར་སྔོན་སྒོ་བཟང་། ཨ་བྱག་ཚེར་སྔོན་སྒོ་ངན། ཞེས་སོ་སོར་ཕྱེ་ཡང་སྒོ་བཟང་ངན་གྱི་ཁྱད་པར་བརྗོད་པ་ཙམ་ལས། ཤེལ་ཕྲེང་ནང་དབྱེ་བའི་རིགས་གསུམ་པོ་དེ་ལས་མཆེད་པ་ཡིན། དེ་ལྟར་རྨ་རིར་སྐྱེས་པའི་ཚེར་སྔོན་འདི་རིགས་གསུམ་པོ་དེ་ལས་མ་མཆེད་པ་ཚེར་སྔོན་གྱི་རིགས་གཞན་ཞིག་ཡིན་པ་ནི་མེ་ཏོག་གི་ཁ་དོག་དང་། ལོ་མའི་དབྱིབས་གཟུགས་སོགས་མི་འདྲ་བའི་ཁྱད་པར་ལས་གསལ་པོར་བསྟན་ཡོད། བར་ཁྱད་དེ་ས་བབས་ཀྱི་ཆ་རྐྱེན་མི་འདྲ་བ་ཁོ་ན་ལས་འབྱུང་བ་ནི་མ་ཡིན་ཏེ། གཙོ་བོ་ནི་རང་རང་གི་རྒྱུའམ་ས་བོན་གྱི་གྲུབ་ཆ་མི་གཅིག་པ་ལས་འབྱུང་བ་ནི་སྨོས་མེད་རེད། འོན་ཀྱང་རྨ་རིར་སྐྱེ་པའི་ཚེར་སྔོན་ཞེས་པ་སྟེ་ཚེར་སྔོན་གྱི་རིགས་ཤིག་ཡིན་པ་ཐེ་ཚོམ་མི་དགོས་ཤིང་། ལོ་མང་ལག་ལེན་བྱེད་མུས་དང་། ཚན་རིག་པས་ཀྱང་ཚེར་སྔོན་གྱི་རིགས་སྡེའི་ཁོངས་གཏོགས་སུ་ངོས་འཛིན་གྱི་ཡོད། ཡིན་ནའང་རྨ་རིའི་ཚེར་སྔོན་འདིའི་ནུས་སྟོབས་ཡོན་ཏན་སོགས་བོད་དུ་སྐྱེ་བའི་ཚེར་སྔོན་གྱི་ནུས་མཐུ་བཞིན་ཨེ་ཡོད་སྙམ་པའི་ཐེ་ཚོམ་ཙམ་བརྗོད་ན། སྔོན་གྱི་མཁས་པ་ཚོས་ངོས་འཛིན་པའི་རིགས་གསུམ་པོ་དེ་ལས་མ་མཆེད་པར་རིགས་ཕྱི་མར་ངོས་འཛིན་ན། དེ་དངོས་མ་ཡིན་པས་ནུས་མཐུ་ཞན་པའི་ཁྱབ་པ་མེད་ནའང་། གཙོ་ཆེ་བའི་དབང་དུ་བྱས་ན་རང་རང་གི་ས་བོན་གྱི་རྒྱུ་མི་གཅིག་པའི་ཁར། སྐྱེ་སའི་ས་བབས་དང་འབྲེལ་བའི་འབྱུང་བའི་ཆ་རྐྱེན་གྱི་ཁྱད་པར་མི་འདྲ་བའི་དབང་ལས། རང་རང་གི་དབྱིབས་དང་ཁ་དོག་སོགས་ཀྱི་ཁྱད་ཆོས་མི་འདྲ་བྱུང་བ་དང་། དེ་བཞིན་དུ་རོ་ནུས་སོགས་ལའང་ཁྱད་པར་ཡོང་གི་ཡོད། དེ་ལྟར་རྨ་རིར་སྐྱེ་བའི་ཚེར་སྔོན་གྱི་རོ་ཡང་བོད་ཀྱི་ཚེར་སྔོན་ལས་རོ་ཁ་བའི་སྟོབས་ཞན་པ་ཡོད་འདུག
སྨན་རྫས་ལ་རང་བཞིན་དུ་འབྱུང་བའི་རོ་དེར་ཡང་ཐོག་མར་རོ་རྣམས་ཀྱི་རྟེན་ནམ་གཞིར་གྱུར་པའི་སྨན་རྫས་རྣམས་གཞི་གང་ཞིག་ལ་བརྟེན་ནས་སྐྱེ་བ་ཡིན་ཞེ་ན། དེའང་གཞུང་ལས། རྟེན་ནི་འབྱུང་བ་ལྔ་ལས་སྐྱེ་འགྱུར་ཏེ། །ས་ཡིས་གཞི་རྟེན་ཆུས་བརླན་མེ་ཡིས་དྲོད། །རླུང་གིས་བསྐྱོད་བྱེད་ནམ་མཁས་གོ་ཕྱེ་བས། །དེས་བསྐྱེད་གྱུར་ཀྱང་ཤས་ཆེར་རོ་གཅིག་མིན། །ས་ཆུ་མེ་ས་ཆུ་མེ་ཆུ་དང་རླུང་། །མེ་རླུང་ས་རླུང་གཉིས་ཀྱིས་རོ་དྲུག་སྐྱེད། །ཅེས་གསུངས་པ་ལྟར་མངར་བ་ལ་སོགས་པའི་རོ་དྲུག་པོ་རྣམས་ཀྱི་རྟེན་དུ་གྱུར་པའི་སྨན་རྫས་གང་དག་ནི་ས་དང་ཆུ་སོགས་འབྱུང་བ་ཆེན་པོ་ལྔ་ཀ་འདུས་པ་ཁོ་ན་ལས་སྐྱེ་བར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་རོའི་ནུས་པའི་འབྱུང་ཚུལ་ཡང་། གཞུང་ལས། དེ་དག་ཕལ་ཆེར་རོ་ལས་རྗེས་འབྱུང་སྟེ། །རོ་ནི་ས་སོགས་རྣམས་ལ་བརྟེན་པའི་ཕྱིར། །ལྕི་སྣུམ་ལ་སོགས་དེ་ལས་འབྱུང་བ་ཡིན། །ཞེས་གསུངས་པ་ལྟར། ཇི་སྐད་དུ་བསྟན་པའི་ནུས་པ་བརྒྱད་དང་། སྟོབས་གཉིས། ཡོན་ཏན་བཅུ་བདུན་དང་བཅས་པ་དེ་དག་〔རོ་དང་ངོ་བོའི་ནུས་པ་ཐ་དད་དུ་གྱུར་པ་རྣམས་ཕུད།〕ཕལ་ཆེ་བ་ནི་རོ་དྲུག་པོ་རྣམས་སོ་སོ་དང་རྗེས་མཐུན་པར་འབྱུང་བ་ཡིན་ལ། རོ་དེ་དག་རྣམས་ཀྱང་ས་དང་ཆུ་སོགས་འབྱུང་བ་རྣམས་ལས་བྱུང་བ་ཡིན་པའི་རྒྱུ་མཚན་དེའི་ཕྱིར་ལྕི་སྣུམ་ལ་སོགས་ནུས་པ་བརྒྱད་པོ་རྣམས་ཀྱང་རོ་དྲུག་པོ་དེ་དག་ལས་འབྱུང་བར་འགྱུར་བ་ཡིན། ཞེས་རོ་ཁ་བ་ནི་འབྱུང་བ་ཆུ་དང་རླུང་ཤས་ཆེ་བ་ལས་བསྐྱེད་ཅིང་དེ་ལ་བརྟེན་ནས་བྱུང་བའི་ནུས་པའང་ཕལ་ཆེར་བསིལ་བ་ཤས་ཆེ་བ་ཡིན། གོང་སྨོས་རྣམས་གཞུང་གི་དགོངས་པ་དང་མཐུན་ཁུལ་གྱི་བརྗོད་པ་ཙམ་ལས། མཐའ་གཅིག་ཏུ་ངེས་པ་ནི་མ་ཡིན་ཏེ་དཔྱོད་ལྡན་བློ་རིགས་བཀྲ་བའི་དོན་གཉེར་ཅན་རྣམས་དང་། བློ་གཟུ་བོར་གནས་པའི་མཁས་དབང་རྣམ་པས་སླར་བརྟག་པར་བྱའོ།།

 
གཉིས་པ། བོང་དཀར།
དེ་བཞིན་དུ་རྨ་རིའི་བརྒྱུད་དང་། ཀཤ་མིར་ས་ཁོངས་རྡ་ར་སེ་ཁུལ་གྱི་ཞིང་ཁའི་མུ་འགྲམ་ལ་སྐྱེ་བའི་བོང་དཀར་དང་། བོད་དུ་སྐྱེ་བའི་བོང་དཀར་གཉིས་ཀྱི་བར་ས་བབ་དང་། བཟོ་དབྱིབས་ཀྱི་ཁྱད་ཆོས། རོ་བཅས་ལ་ཁྱད་པར་ཆེན་པོ་ཡོད། དེའང་རིགས་སྔ་མ་དེའི་སྐྱེ་སའི་མཐོ་ཚད་ནི་མི་ཀྲར་༣༣༠༠ ཡས་མས་ཀྱི་རྩ་མང་བའི་གསེབ་ཏུ་སྐྱེ་བ་དང་། རྩ་བ་ཆེ་ལ་གསར་རྙིང་གཉིས་འབྲེལ་ནས་སྐྱེ་བ་དང་། སྡོང་པོའི་རིང་ཐུང་མདའ་རེ་ཁྲུ་རེ་ཙམ་ལ་ཆིག་རྐྱང་དུ་དྲང་པོར་སྐྱེ་བ་དང་ཅུང་སྦོམ་པ། ལོ་མ་རྐྱང་པ་རེས་མོས་ཀྱིས་སྐྱེ་བ་སྒོང་དབྱིབས་ཅན་ལ་རྩེ་མོ་རིམ་པས་རྣོ་བ་དང་མཐའ་ཁར་སོག་ལེའི་སོ་རིས་འདྲ་བ་དོད་ཅིང་། ལོ་མའི་སྨད་ཆ་རྣ་ཤལ་དབྱིབས་ཀྱིས་སྡོང་པོར་བཏུམ་ཡོད། མེ་ཏོག་གི་དབྱིབས་སྤྱིར་བོང་དཀར་དང་འདྲ་ཡང་ཁ་དོག་མུ་སྐྱ་ལྗང་གུའི་མདངས་ཤས་ཡོད། རིགས་ཕྱི་མ་སྟེ་བོད་དུ་སྐྱེ་བའི་བོང་དཀར་ནི། རྟོགས་བརྗོད་ལས། གཡའ་འདབ་བསིལ་ལྗོངས་འཛིན་པའི་བོང་ང་དཀར། །དུང་རྩ་གླང་ཆེན་གཞོན་ནུའི་མཆེ་བ་ལ། །གཡུ་ལོ་དུང་གི་མེ་ཏོག་མཛེས་པས་བརྒྱན། །ཞེས་དང་། བཻ་སྔོན་ལས་བོང་ང་དཀར་པོ་ནི་ལོ་མའི་རྩ་བའི་འདབ་མ་གསུམ་བཞི་ལ་རྩེར་འདབ་མ་ཆུང་ངམ་ཉ་ག་བདུན་བརྒྱད་ཡོད་པ། སྡོང་པོ་ཆུང་ལྡེམ་མེ་ཏོག་དཀར་སྔོ་དམར་མདངས་ཅན་འཆར་བ། ཞེས་གསུངས་པ་ལྟར་རྩ་བ་ཆུང་ལ་གསར་རྙིང་འབྲེལ་ནས་སྐྱེ་ཡོད་པ་དང་། སྡོང་པོ་ཕྲ་ཞིང་རིང་ཐུང་ཁྲུ་གང་སྐོར་ཆིག་རྐྱང་དུ་དྲང་པོར་སྐྱེ་ཞིང་སྡོང་པོའི་སྨད་ཕྱོགས་སུ་ངར་བ་ཕྲ་ལ་རིང་བའི་སྟེང་ལོ་མ་མཁལ་དབྱིབས་ཅུང་ཟད་སྒོར་ལ་ཉ་ག་ཟབ་པའི་རྐྱང་ལོ་ཅན་རེས་མོས་སུ་སྐྱེ་བ་དང་། སྦར་དབྱིབས་ཅན་གྱི་རྩ་རིས་དོད་ཡོད། དེ་ལྟར་རིགས་སྔ་ཕྱི་གཉིས་ཀྱི་ལོ་མའི་དབྱིབས་གཟུགས་དང་། རྩ་བའང་སྔ་མ་ཆེ་ལ་ཕྱི་མ་ཆུང་། མེ་ཏོག་གི་ཁ་དོག་ཀྱང་ཕྱི་མ་སྔོ་བ་སོགས་ཀྱི་ཁྱད་པར་ཆེ་བ་མ་ཟད། རོ་ཡང་སྔ་མ་ལས་ཕྱི་མ་ཉིད་ཁ་བ་ཤས་ཆེ་བ་ཡོད་ཅིང་ནུས་པ་ཡང་ཕྱི་མ་ཉིད་མཆོག་དང་བཟང་བར་བཤད་དོ།།
 
 
གསུམ་པ། ཨུཏྤལ་སྔོན་པོ།
དེ་བཞིན་དུ་བོད་ཀྱི་ས་གནས་ཁག་ལ་སྐྱེ་བའི་ཨུཏྤལ་སྔོན་པོ་དང་། འབྲས་ལྗོངས་ཐང་གུའི་བརྒྱུད་དུ་སྐྱེ་ཚད་མཐུན་ནའང་སྐྱེ་གནས་ཀྱི་ས་བབ་ཆ་རྐྱེན་དང་། རང་རང་གི་རྒྱུའམ་ས་བོན་མི་འདྲ་བའི་ཁྱད་པར་ལས་གཞི་རྩའི་ཁྱད་ཆོས་སོགས་ཕྱོགས་འདྲ་ཡང་སྡོང་གཟུགས་ཨ་མའི་སྐྱེ་ཚུལ་གྱི་ཁྱད་ཆོས་དང་། མེ་ཏོག་གི་འདབ་མ་མང་ཉུང་ལ་ཁྱད་པར་ཆེན་པོ་ཡོད། དེའང་མངོན་རྟོགས་སུ། བསིལ་ལ་མཐོ་བའི་བྱང་བལྟའི་རིར་སྐྱེས་པ། །ཨུཏྤལ་ཞེས་བྱའི་མེ་ཏོག་དྲི་བསུང་ལྡན། །རྩ་བ་རྐང་གཅིག་ལྕ་བ་འདྲ་བ་ལ། །ལོ་མ་རྩེ་ལྡུམ་ལྗང་སྐྱ་སྤུ་ཆུང་ཅན། །སྡོང་པོ་མེ་ཏོག་ལྡུམ་རའི་རྒྱ་མེན་འདྲ། །གེ་སར་རིང་ལ་ཟེའུ་འབྲུ་ཕྲུམ་ཕྲུམ་རྒྱས། །གང་བུ་རྡོ་རྗེ་ཕྱེད་པའི་ཁོང་བུ་རུ། །འབྲས་བུ་ནག་ལ་ཞིབ་མང་ལྡན་པ་ཡིན། །ཞེས་དང་། རྩ་བ་གཅིག་ལ་མེ་ཏོག་མང་ཡང་སྡོང་པོ་རྒྱ་མེན་ལྟར་གེར་སྐྱེས་ལས་མགོ་འབྲེལ་མི་འབྱུང་བས། ཇོ་བོས། ཨུཏྤལ་སྔོན་པོ་དཔའ་བོ་ཆིག་སྐྱེས་མང་། །ཞེས་གསུངས་པ་ལྟར། བོད་དུ་སྐྱེ་བའི་ཨུཏྤལ་ནི་གཞུང་དུ་ཇི་ལྟར་བསྟན་པའི་འཁྲུངས་དཔེ་ཇི་བཞིན་སྡོང་པོ་ཨ་མ་མངོན་གསལ་དོད་ཅིང་སྦོམ་ལ་ཁོང་སྟོང་ཆིག་རྐྱང་དུ་སྐྱེ་བ་དང་། མེ་ཏོག་ཆུན་པོ་སྡོང་པོའི་སྟོད་ཕྱོགས་སུ་རྐང་རེའི་ཐོག་མེ་ཏོག་རེ་བང་རིམ་བཞིན་སྐྱེས་ཤིང་། མེ་ཏོག་སྔོན་པོ་འདབ་མ་ལྔ་ཅན་མཛེས་ལ་ཟེའུ་འབྲུ་སེར་པོ་ཡིན། སྐྱེ་གནས་ཀྱང་ཕལ་ཆེར་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་མི་ཀྲར་ ༣༩༠༠ ནས་ ༤༩༠༠ ཡན་གྱི་བྱང་བསྟན་སྲིབ་རིའི་རྫ་སྤང་ཡོད་སར་སྐྱེ་བ་མང་། ཐང་གུའི་བརྒྱུད་དུ་སྐྱེ་བའི་ཨུཏྤལ་སྔོན་པོ་དེར་སྡོང་པོ་ཨ་མ་མེད་པར་ཐད་ཀར་རྩ་བ་ནས་ཕྲ་སྦོམ་ཧ་ལམ་མཉམ་པའི་མེ་ཏོག་གི་རྐང་གཉིས་གསུམ་ཙམ་གྱེས་པའི་རྩེ་མོར་མེ་ཏོག་རེ་ཤར་བ་དང་། མེ་ཏོག་སྔོན་པོ་འདབ་མ་བཞི་ནས་བཅུ་གཅིག་བར་ཡོད་ཅིང་ཟེ་བ་སེར་པོ་ཡིན། སྐྱེ་གནས་ཀྱང་ཕལ་ཆེ་བ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་མི་ཀྲར་ ༤༣༠༠ ཡས་མས་ཀྱི་རི་གཤོངས་ཀྱི་ཆུ་འགྲམ་དང་ཤིང་ཕྲན་གྱི་གསེབ་སོགས་ཉིན་སྲིབ་གང་རུང་ལ་སྐྱེ་བ་མང་། གཞན་ཡང་དེའི་ཉེ་འགྲམ་དུ་སྨན་ར་མཉེ་དང་། སྔོ་སྲུབ། ཟྭ་འབྲུ་སོགས་དྲོད་སྨན་གྱི་རིགས་མང་པོ་སྐྱེ་འདུག
སྤྱིར་ཨུཏྤལ་འདིའི་སྐྱེ་གནས་ས་བབ་མཐོ་ཡང་མཐོ་ཚད་ལ་དཔགས་པའི་ཁ་རླུང་དེ་ཙམ་གྱི་བསིལ་པོ་མེད། ཨུཏྤལ་ལ་གཞུང་དུ་མེ་ཏོག་གི་ཁ་དོག་ལས་དཀར་སེར་དམར་སྔོ་རིགས་བཞིར་དབྱེ་བ་ལས། སྔོན་པོར་རིགས་དབྱེ་བ་མ་མཐོང་སྟེ། ཐང་གུའི་བརྒྱུད་དུ་སྐྱེས་པའི་ཨུཏྤལ་སྔོན་པོ་དེ་འཁྲུངས་དཔེའི་ནང་ཇི་ལྟར་གསལ་བའི་ཁྱད་ཆོས་དང་མི་ལྡན་ཡང་། ཨུཏྤལ་གྱི་རིགས་ཤིག་ཡིན་པར་ཐེ་ཚོམ་མེད། ལོ་མང་རིང་དེ་ཁུལ་གྱི་སྨན་པ་སོགས་ཀྱིས་ངོས་འཛིན་ལག་ལེན་གནང་བའི་ཉམས་མྱོང་དང་། གཞན་ཡང་ཚན་རིག་པས་ཀྱང་ཨུཏྤལ་གྱི་རིགས་སྡེའི་ཁོངས་གཏོགས་ལ་ངོས་འཛིན་གྱི་ཡོད།
ཁོ་བོའི་མཐོང་ཚུལ་ལ་རང་རང་གི་ས་བོན་གྱི་རྗེས་མཐུན་ཏེ་སྐྱེ་ཚུལ་གྱི་ཁྱད་ཆོས་མི་འདྲ་བ་འབྱུང་བ་ནི་ཆོས་ཉིད་ཡིན་ཀྱང་། སྐྱེ་སའི་ས་བབ་བམ་བསིལ་དྲོད་རང་གནས་སུ་མ་སྐྱེས་པར་གོ་ལོག་ཏུ་སྐྱེ་བ་ཡིན་ན་ནི། དེའི་དབང་གིས་སྨན་གྱི་རོ་དང་། ངོ་བོ། ནུས་པ་སོགས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ངེས་ཡིན། དེའང་གཞུང་ལས། གངས་ཅན་འབིགས་བྱེད་བསིལ་དྲོད་རང་གནས་སྐྱེས། །ཉི་ཟླའི་སྟོབས་ལྡན་སྐྱེ་སར་སྐྱེ་ཞེས་བྱ། །ཞེས་གསུངས་པ་ལྟར་སྐྱེ་གནས་དང་ལྷག་པར་དུ་བསིལ་དྲོད་གོ་ལོག་ཏུ་སྐྱེ་པ་ཡིན་ན་སྨན་དེ་འདྲའི་ནུས་པའང་དམན་པ་ཡིན། དེའི་ཕྱིར་སྨན་གྱི་ངོ་བོ་འདྲ་ཡང་སྐྱེ་གནས་ཀྱི་ཁྱད་པར་ལས་ནུས་པ་མཆོག་དམན་དུ་འགྱུར་འགྲོ་གི་ཡོད། དཔེར་ན་ཧི་མ་ལ་ཡའི་ས་བསིལ་བའི་ས་མཐོའི་རང་འབྱུང་གི་སྔོ་སྨན་ཞིག་ས་དམའ་བའི་ཡུལ་ལ་རང་འབྱུང་དང་ཡང་ན་བཅོས་མ་གཉིས་ལྡན་གྱི་ཐོག་ནས་སྐྱེ་ནའང་དེ་གཉིས་བར་གྱི་སྨན་ནུས་ལ་ཁྱད་པར་ཆེན་པོ་ཡོད་པ་གཞུང་ནང་བསྟན་པ་ཇི་བཞིན་དུ། དེང་དུས་མཚན་རིག་ཐོག་ནས་བརྟག་དཔྱད་བྱས་འབྲས་ཀྱང་དེ་དང་མཐུན་པ་ཡིན། འོན་ཏེ་བསིལ་དྲོད་རང་གནས་སུ་མ་སྐྱེ་བའི་སྨན་དེ་ལ་ནུས་པ་གཏན་ནས་མེད་པ་ཞིག་མ་ཡིན་ནའང་ནུས་པ་དམན་པ་སྟེ། བསིལ་སར་བསིལ་སྨན་སྐྱེ་བ་དང་། དྲོ་སར་དྲོད་སྨན་སྐྱེ་བ་ལྟ་བུའི་ནུས་པ་མེད།
དེ་ལྟར་སྨན་རྫས་དེ་དང་འདི་འདྲའི་རིགས་རྣམས་སྨན་ལ་སྦྱར་མི་རུང་བ་ནི་མ་ཡིན་ཏེ་སྦྱོར་ཚད་སྐབས་སྲང་ཚད་འོས་འཚམས་ཤིག་སྤར་བའམ་ཡང་ན་ཐོན་འབོར་ཡོད་རིགས་ཁཎྜ་བྱས་ན་སྨན་འདིས་ནད་ཐོག་ལ་དགོས་ངེས་ཀྱི་ནུས་པ་ཐོན་ཐུབ་རྒྱུར་ཕན་ཐོགས་ཡོང་སྙམ་པའི་རྨོངས་སེམས་ཕྲ་མོ་ཞིག་འཆར་ཏེ། བྱེས་ལ་འབྱོར་ནས་བགྲང་བྱ་བརྒྱད་ཙམ་རིང་རྒྱ་བལ་སོགས་ཧི་མ་ལ་ཡའི་རི་བརྒྱུད་ཁག་འགའ་ཞིག་ལ་སྔོ་སྨན་འཚོལ་ཞིབ་ཏུ་སྐྱོད་སྐབས་རང་ལ་བྱུང་བའི་མྱོང་འཚོར་ཐོར་བུ་དེ་ཉམས་ཞིབ་བམ་དཔྱད་གཞིའི་ཚུལ་དུ་སྐབས་འདིར་དཔེ་མཚོན་ཙམ་ཞིག་སྟོན་ནས་གསོ་རིག་མཁས་མང་གི་སྤྱན་སྔར་འདྲེན་ཏེ་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་བསྡུ་ལེན་ཞུས་ཏེ་མ་འོངས་སྔོ་སྨན་ཉམས་ཞིབ་ཀྱི་ལས་དོན་ལ་ལམ་བུ་གསར་པ་ཞིག་བཏོད་ཐུབ་པའི་རེ་བསྐུལ་སྙིང་ཐག་པ་ནས་ཞུ་བཞིན་ཡོད། སྨན་རྫས་ཉམས་ཞིབ་སྡེ་ཚན་གྱི་སྨན་མིང་འཛིན་པ་ཟླ་བས་སོ།། །།
 

འདི་ནི་བོད་གཞུང་སྨན་རྩིས་ཁང་གི་དབུ་འཛིན་ཟུར་པ་སྨན་རམས་པ་ཟླ་བ་ལགས་ཀྱིས་བརྩམས་ཤིང་སྤྱི་ལོ་ ༡༩༩༦ ལོར་དཔར་བསྐྲུན་ཞུས་པ་《སྨན་རྩིས་དུས་དེབ། འདོན་ཐེངས་གཉིས་པ།》ནང་དུ་བཞུགས་ཡོད་པ་དེ་ནས་ཟུར་བཏོན་ཞུས།

Leave a Reply

Be the First to Comment!

Notify of
avatar
wpDiscuz