ལེའུ་གཉིས་པ།གསོ་དཔྱད་སྔོའི་མན་ངག་སྔོ་འབུམ་ ཞེས་བྱ་བ་བཞུགས་སོ།།①

image_pdfimage_print

བེེ་རོ་ཙ་ནའི་འགྱུར།
 
༄༅།།རྒྱ་གར་སྐད་དུ།བི་ཤ་བི་དུ་ཨུ་པ་དེ་ཤ་ན་མ།བོད་སྐད་དུ།སྨན་དཔྱད་སྣ་ཚོགས་སྔོའི་མན་ངག་ཅེས་བྱ་བ།བཅོམ་ལྡན་འདས་སྨན་གྱི་བླ་བེེཌྰུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།།ཐམས་ཅད་མཁྱེན་པ་ལྷ་ཡི་ལྷ་ཉིད་དང༌།།འགྲོ་བ་ཀུན་གྱི་དེད་དཔོན་མཉྫུ་ཤྲི།སེམས་ཅན་ནད་སེལ་དྲང་སྲོང་①གསོ་དཔྱད་སྔོའི་མན་ངག་སྔོ་འབུམ་ཞེས་བྱ་བ་འདི་ནི།ལོ་ཙཱ་བ་ཆེན་པོ་བེ་རོ་ཙ་ནའི་གསུངས་ཡིན་པར་གཞུང་རང་དུ་གསུངས་ཏེ།ཁྲི་སྲོང་ལྡེ་བཙན་བསྐུལ་ནས་བེ་རོ་ཙ་ན་ནི།།བདག་གིས་བསམ་རྒྱ་ཆེར་བསྐྱེད་ནས།།རྒྱ་གར་ཡུལ་ཁམས་ཀུན་ཏུ་དཀའ་བ་སྤྱད་པའི་ནོར་བུ་འདི།།བི་ཇི་མཁས་པས་ཐོག་མར་དགེ་མཛེས་དམ་ལས་རྙེད།།ཕྱི་རབས་དོན་དུ་གདམས་ངག་འཁྲུངས་དཔེ་གུད་དུ་བཀོད།།མན་ངག་ཡིན་པས་དུམ་བུ་འཁྲིགས་སུ་བྱས།།བརྗེད་ཀྱིས་དོགས་པས་ནན་ཏན་ཡི་གེར་བྲིས།།ཞེས་གསུངས་ལ་དེའུ་དམར་བའི་གསོ་རིག་ཆོས་འབྱུང་དུའང༌།བེ་རོ་ཙཱ་ནས་བོན་ཆོས་འདྲེས་མར་བསྒྱུར།།བེ་རོ་ཙཱ་ནས་རྩིས་སྨན་འདྲེས་མར་བསྒྱུར།།སྨན་དཔྱད་སྣ་ཚོགས་སྔོ་ཡི་མན་ངག་ཅེས་པ་འཇམ་དབྱངས་སྔོ་འབུམ་དུ་གྲགས་པ་དང༌།དུག་བཅོས་ཤ་མོ་ལས་དཀྱུས།སློབ་དཔོན་ཉི་མ་སེང་གེས་མཛད་པ་སོགས་བསྒྱུར།ཞེས་གསུངས།

ལོ་ཆེན་བེ་རོ་ཙ་ན་(རྣམ་པར་སྣང་མཛད)ནི་སྤྱི་ལོ་༧༢༧ལོར་གཙང་གི་སྙེ་མོ་བྱེ་མཁར་བྱ་བ་རུ་ཡབ་སྤ་གོར་ཧེ་འདོད་བྱ་བ་དང་ཡུམ་བྲན་ཀ་བཟའ་སྒྲོན་སྐྱིད་བྱ་བ་གཉིས་ཀྱི་སྲས་སུ་འཁྲུངས།དགུང་ལོ་བརྒྱད་པར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྤྱན་སྔར་བོས།ལོ་བདུན་གྱི་བར་ཁ་ཟས་དཀར་གསུམ་མངར་གསུམ་གྱིས་གསོས།ཤེས་རབ་བསྐྱེད་པའི་ཐབེས་སུ་བློ་འཕེལ་གྱི་གཟུངས་བསྒྲུབ་ཏུ་བཅུགཨོ་རྒྱན་གྱི་མཁན་པོ་པརྨོ་འབྱུང་གནས་དང་ཟ་ཧོར་ཡི་མཁན་པོ་ཞི་བ་འཚོ་གཉིས་ལས་དགུང་ལོ་བཅོ་ལྔའི་བར་སྒྲ་རིག་པ་གསན་པས་མཁས་པའི་ཕུལ་དུ་གྱུར།ཁྲུས་ཁང་གླིང་དུ་མཁན་ཆེན་བོ་རྙི་ས་ཏྭ་ལ་རབ་ཏུ་བྱུང༌།ཆོས་འཚོལ་བའི་སླད་དུ་རྒྱ་གར་དུ་བྱོན།དེ་ཤི་དེ་ཆད་ཀྱི་དཀའ་བ་ཆེན་པོ་བཅུ་དྲུག་སྤྱད་པའི་མཐར་སློབ་དཔོནཤཱ་སིརྙ་ལ་སོགས་པ་པཎ་ཆེན་ཉི་ཤུ་རྩ་ལྔ་ལ་ཡང་ཟབ་ཀྱི་ཆོས་དུ་མ་ཞུས།ཁྱད་པར་ཙཱ་སིརྙ་ལ་རྩོད་མེད་རྫོགས་པ་ཆེན་པོའི་ཆོས་རྒྱ་གར་རང་དུའང་ཁྱབ་གདལ་དུ་མི་བསྒྲགས་པར་རྡོ་རྗེ་གདན་དུ་ཆོས་རྒྱལ་དང་པཟློ་ཏའི་རྒྱ་ཉིས་སྤྲོད་དུ་བཏབ་ནས་འཇོག་པ་དེ་སྤྱན་དྲངས།དབང་དང་མན་ངག་རྫོགས་པར་ཞུས།དགའ་རབ་རྡོ་རྗེ་དང་འཇམ་དཔལ་བཤེས་གཉེན་ལ་སོགས་པ་ཡེ་ཤེས་ཀྱི་སྐུ་ཅན་རྣམས་དང་མཇལ།ཆོས་བཀའ་སྣ་ཚོགས་ཞུས་ཏེ་དགོངས་པ་གཉིས་སུ་མེད་པར་གྱུར།སླར་བོད་དུ་བྱོན་པར་རྒྱལ་པོས་དབུ་སྐྲ་ཐེམ་པར་བཀྲམ་སྟེ་སྟེང་ནས་ལོ་ཙཱ་བ་ཆེན་པོ་སྤྱན་དྲངས།བེ་རོ་འདི་སློབ་དཔོན་པརྨོའི་ཞལ་སློབ་རྗེ་འབངས་ཉེར་ལྔ་དང་གྲུབ་ཆེན་དགུར་གྲགས་པ་གཉིས་ཀར་ཐེ་ཞིང་བོད་དུ་དམ་པའི་ཆོས་བསྒྱུར་བ་མཐའ་ཡས་པས།ཐང་ཡིག་ལས།འདས་དང་མ་འོངས་ད་ལྟ་ཐམས་ཅད་དུ།།བེ་རོ་ཙཱ་ན་འདྲ་བའི་ལོ་ཙཱ་བ།སྔམཡང་མ་བྱོན་ད་ཡང་འབྱོན་རེ་སྐན།།མ་འོངས་རྒྱ་གར་ཕལ་སྐད་ཤེས་ཙམ་ལ།།ལོ་ཙཱར་བཞེད་ཀྱང་བེ་རོ།འི་ཆར་མི་ཉེ།།ལོ་ཙཱར་བཏགས་ཀྱང་དོན་ལ་པཋ་ཏ།།འདི་ཡི་ཆོས་དྲིན་ཡོད་དོ་ཕྱི་རབས་རྣམས།།ཞེས་གསུངས་པ་དང་མཐུན་པར་ཕྱི་འགྱུར་གྱི།་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་ཀྱིས།བེ་རོ་ཙཱ་ན་ནམ་མཁའི་མཐའ་དང་མཉམ།།ཀ་ཅོག་གཉིས་ནི་ཉི་ཟླ་ཟུང་འབྲེལ་ཡིན།།རིན་ཆེན་བཟང་པོ་ཐོ་རངས་སྐར་ཆེན་འདྲ།།ཁོ་བོ་ཡང་ནི་སྲིན་བུ་མེ་འཁྱེར་ཙམ།།ཞེས་བསྔགས་པར་མཛད།སྤྲུལ་བའི་ལོ་ཆེནི་བེ་རོ་ཙཱ་ནས་ཁ་ཆེ་ཟླ་བ་མངོན་དགའ་ལས་སྨན་དཔྱད་ཀྱི་ཆ་ལག་མང་དུ་ཞུས་ཤིང༌།སྨན་དཔྱད་སྣ་ཚོགས་སྔོ་ཡི་མན་ངག་ཅེས་པ་འཇམ་དབྱངས་སྔོ་འབུམ་དུ་གྲགས་པ་དང༌།དུག་བཅོས་ཤ་མོ་ལས་དཀྱུས་སོགས་བསྒྱུར།ཏྲིཀླ་མུན་སེལ་སྒྲོན་མེ་དང་མིང་དོན་བརྡ་སྤྲོད་རྣམ་ལྔ་གཉིས་མཛད་པར་གྲགས།མཁས་རྣམས་ལ།།ལུས་བཏུད་དང་བས་བདག་གིས་ཕྱག་འཚལ་ལོ།།ཇི་སྲིད་འཁོར་བའི་སྡུག་བསྔལ་ནད་བསལ་ཕྱིར།།འཕགས་པའི་ཐུགས་རྗེའི་བྱིན་རླབས་ལས་བྱུང་བའི།།བདུད་རྩི་ཟར་བུ་དམ་པ་རྙེད་པ་ཡིས།།ནད་རྣམས་མ་ལུས་བསལ་ཕྱིར་གཅེས་པར་བྲིས།།ཁྲི་སྲོང་ལྡེ་བཙན་བསྐུལ་ནས་བེེ་རོ་ཙ་ན་ནི།།བདག་གིས་བསམ་རྒྱ་ཚེར་བསྐྱེད་ནས།།རྒྱ་གར་ཡུལ་ཁམས་ཀུན་ཏུ་དཀའ་བ་སྤྱད་པའི་ནོར་བུ་འདི།།བི་ཇི་མཁས་པས་ཐོག་མར་དགེ་མཛེས་དམ་ལས་རྙེད།།ཕྱི་རབས་དོན་དུ་གདམས་ངག་འཁྲུངས་དཔེ་གུད་དུ་བཀོད།།མན་ངག་ཡིན་པས་དུམ་བུ་འཁྲིགས་སུ་བྱས།།བརྗེད་ཀྱིས་དོགས་པས་ནན་ཏན་ཡི་གེར་བྲིས།།ཤིན་ཏུ་དཀོན་པས་སེམས་ལ་གཏེར་དུ་སྦས།།གཉིས་དང་གསུམ་ལས་སྤེལ་ན་བདག་གཞན་ན་ར་ཀན།།བརྒྱ་བྱིན་ལྷ་ཡི་དབང་པོས་གསུངས་པ་ཡི།།མན་ངག་བླ་སྨན་བདུན་ཡོད་གྱུར་ཀྱང་།།མངའ་བདག་ཆེན་པོ་ཁྱེད་ལ་བདག་གིས་གཏད།།
ཡོན་ཏན་བརྒྱད་ལྡན་དིང་ཁྲི་པར་མ་འདི།།ལོ་མ་གཡུ་ཡི་ལི་ཁྲི་འཁྱིལ་བ་འདྲ།།འབྲས་བུ་བྱི་རུའི་སྙིང་བོ་འདྲ།།རོ་ནི་ཁ་ལ་བསྐ་དང་བཅས།།དུས་སུ་བཏུས་ལ་གཙང་བར་བྱ།།གདམས་ངག་ལྡན་པས་བསྐོལ་བྱས་ན།།ཚེ་རིང་རྒས་སྲ་སེམས་གསལ་འགྱུར།།རྒྱ་ཚྭ་རྒྱམ་ཚྭ་ཅོང་ཞི་དང༌།།ཀ་ར་དཀར་པོ་སྦྱར་བྱས་ན།།བད་ཀན་སྨུག་པོའི་ནད་རྣམས་འཇོམས།།པི་པི་ལིང་དང་ན་ལེ་ཤམ།།ལ་ལ་ཕུད་དང་མ་ནུ་རྣམས།སྦྱར་བས་བད་ཀན་སྐྱ་བོ་སེལ།།བྲེ་ག་དང་ནི་གཡེར་མ་རྣམས།།སྤང་རྩི་དང་ནི་ཚ་བ་གསུམ།།ཁབ་ལེན་སྤང་མ་རྒྱ་སྐྱེགས་དང༌།།རྒྱམ་ཚྭ་དང་ནི་པདྨེ①དང༌།།དབྱི་མོང་དང་ནི་སྲུབ་ཀ་དང།།ལྕེ་ཚ་བ་དང་བཅས་པ་རྣམས།།ནར་ཕྱིན་ཆང་དང་སྦྱར་བྱས་ནས།།དཀར་སྲུང་སྐོམ་ཤའི་ཚོ་ཁུ་བསྟེན།།གཉན་ནད་དང་ནི་འདྲིལ་གྱི་ནད།།དེས་ནི་ཆུ་ཡི་ལམ་དུ་འདྲེན།།བདག་མིན་གཞན་ལ་ཡོད་རེ་ཀན།།
       བྲག་ལ་སྐྱེས་པའི་སྔོ་ག་བུར།།ཞི་ཞིང་དུལ་བའི་མིས་བཏུས་ཏེ།།སེར་གྱིས་མ་ཁྱེར་གྲིབ་སྐམ་བྱ།།རྒྱུ་རྐྱེན་ཅི་ལས་འཁྲུགས་ཀྱང་རུང༌།།ཆུ་ཚན་ནང་དུ་བསྐོལ་བྱས་ནས།།ག་བུར་ཤིང་མངར་བཏབ་ལ་བླུད།།སྨན་རྗེས་ཚ་བ་སུན་གཅིག་བླུད།།ཚད་རིགས་བ་སྤུའི་བུ་གར་འདྲེན།།སྨན་གྱི་ཐུན་ཡང་ཆེ་བར་བྱ།།རྔུལ་བའི་དུས་སུ་མི་བྱའོ།།ཅུ་གང་གུར་གུམ་ཀ་ར་སྦྱར།།གློ་མཆིན་སྟོད་ཀྱི་ཚ་བ་སེལ།།ཚ་བ་གསུམ་དང་སྲུབ་མ་ཙི་ཏྲ་ཀ།བུ་རམ་དང་སྦྱར་སྐྲན་རྣམས་སེལ།། རྒྱ་སྤོས་དང་སྦྱར་གག་ལྷོག་སེལ།།རེ་རལ་དང་སྦྱར་དུག་རིགས་སེལ།།མར་དཀར་དང་སྦྱར་མཛེ་དང་ཤུ་བ་སེལ།།དྲི་ཆེན་དང་སྦྱར་འགོ་ནད་བསྲུངས།།མགོ་དང་ཡན་ལག་བྱང་ཁོག་གི།རྨ་ནི་ཆེ་ཆུང་གང་ ཡང་རུང༌།།ཆུ་མི་འཇིག་ཅིང་རྩ་ཆད་མཐུད།།ཁོང་དུ་བཏང་དང་རྨ་ལ་བཏབ།། རོ་ལྔ་ལྡན་པས་ཀུན་ལ་སྦྱར།།འཛམ་བུའི་གླིང་ན་སྐྱེ་བ་དཀོན།། 
①མ་ཡིག་དབུ་མེད་པསྨེ་འམ་སརྨེའུ་གང་ཡིན་མི་ཤེས་པས་དཔྱད།
      དར་ཡ་ཀན་ཞེས་མིང་དུ་གྲགས།།མེ་ཏོག་དཀར་དང་མེ་ཏོག་དམར།།མེ་ཏོག་སེར་དང་མེ་ཏོག་སྔོ།།བསིལ་འཇོམས་རྩ་ལ་སྐྱེ་བ་ཡིན།། དཀར་པོ་འདྲ་དང་མི་འདྲ་མང༌།།རེ་རེ་ལ་ཡང་ཡོན་ཏན་མང༌།།སྤྱི་ཁྱབ་སྦྱོར་
ལུགས་གྲོགས་དང་མཐུན།།སྣ་ཁྲིད་ལྕག་གིས་བསྒྱུར་བ་ན།།བཞི་བརྒྱ་རྩ་བཞིའི་ནད་རྣམས་ཕན།།འདི་ནི་ཚད་པའི་བཅོས་ཐབས་ཏེ།།གཟེར་དང་ལུད་པ་གང་ལ་ཡང༌།།རྔུལ་འབྱིན་སེར་བོ་ཆ་བཞི་ལ།།འབིག་བྱེད་སྔོན་མོ་ཆ་
གཅིག་སྦྱར།།དར་ཚེ་དཀར་པོའི་ལྕག་གིས་བྲབས།།ཀ་ར་དཀར་པོའི་རྟ་ལ་སྐྱོན།།གཟེར་འཇོམས་སྨན་ཐུན་གཅིག་གིས་ཆོག།ལུད་པ་སྐྱ་སོབ་རྒ་རྟག་ལག།བུར་རམ་དཀར་པོ་བསྒྱུར་ལ་བཏང༌།།གཞན་ཡང་རི་ཐང་མཚམས་
ཀྱི་ཚད་པ་ལ།།མཁས་པས་དཔྱད་ལ་མ་ནོར་བྱ།།ཚད་འཇོམས་མན་ངག་དམ་པ་ཡིན།།རྒྱ་གར་ཡུལ་གྱི་ཐོག་སྒང་ལ།།དཀའ་བ་སྤྱད་པས་བདག་གིས་བརྙེད།།རྒྱལ་བོ་རུ་རུ་བསིལ་ཡང་དྲོད་དུ་འགྱུར།།ལོ་མ་དུས་སུ་ལེགས་
བཏུས་ནས།།ཕྱེ་མ་ཞིབ་པར་བཏགས་པ་དེ།།དོམ་མཁྲིས་སྲུབ་མ་སྐྱེར་ཤུན་དང་སྦྱར་ན།།མགོ་བོ་ཇི་ཙམ་ཆག་པ་ཡང༌།།རྨ་ལ་བཏབ་ལ་ཕྱི་ཚས་སྦང་མ་བྱས།།རྩ་ཆད་མཐུད་དང་ཀླད་རལ་གསོ།།ཆུ་ལ་བསྡུས་ལ་མ་ཞུ་
འཇོམས།།རྩ་བ་བརྡུངས་བ་མང་དུ་བསྐོལ།།ཁུ་བ་བཏུང་ན་མོལ་སྐྲང་རྡོལ།།བུ་རམ་དང་སྦྱར་གྲང་རླུང་འཇོམས།།ཉམ་ཆུང་ཕོ་བའི་དྲོད་བསྐྱེད་བྱེད་པ་ཡིན།།
ཐ་རམ་འབྲས་བུ་ཁྲག་རྙིང་སྒྲིལ་བ་འདྲ།།ལོ་མ་དུ་རྒྱའི་ཕྱག་ཤིང་འདྲ།།ཚོད་མ་བྱས་པས་བད་ཀན་དག་ལ་ཕན།།ཐ་རམ་བྲེ་ག་ར་ཁྲག་དང་སྦྱར་བས།།མེས་ཚིག་དག་ལ་བསྐུས་ན་ཕན།།འབྲུམ་ནག་ལ་ཡང་ཕན་པར་འགྱུར།།ཟླ་མཚན་འབྱམས་པ་གཅོད་པར་བྱེད།།རི་ཤོ་རྩ་བ་སྐྱུགས་སུ་འགྲོ།བད་ཀན་འཇོམས་པར་བྱེད་པ་ཡིན།།རྨ་ལ་བཏབ་ན་མྱུར་དུ་འཚོ།།རིམས་ལ་ཆུར་བཏབ་འཐུང་ན་ཕན།།འབྲས་བུ་ཆུ་ལ་སྦྱར་ན་གློ་ནད་སེལ།།
སྒ་ཤ་ལང་ཡུ་རིང་ན་གར་སྐྱེ།ཆིག་ཐང་བད་ཀན་འཇོམས་ཤིང་ཞུ་རྗེས་བསིལ།།རྨ་འདྲུབ་རྩ་ཁ་འཛིན་ཞིང་ཁ་མི་སྐོམ།།རིམས་རྙིང་སེལ་ཞིང་རླུང་ལ་གནོད།།གྲེས་མ་ལ་ནི་རིགས་གསུམ་བྱུང།།གཅིག་ནི་བྲག་ལ་སྐྱེ་སྟེ་ས་ལེ་ལྗང་པའོ།།གཅིག་ནི་ཐང་ལ་སྐྱེ་སྟེ་རྒྱ་གྲེས་མ།།གཅིག་ནི་གྲེས་རྒོད་རི་ལ་སྐྱེ།།རྩ་བ་བརྡུངས་ཏེ་བཙིར་ནས་ནི།།མེས་ཚིག་རྨ་ལ་བསྐུས་ན་ཕན།།སྐྲངས་པ་དག་ལ་བསྐུས་ན་མཆོག་ཏུ་ནུས་པ་ཆེ།རྩ་བ་ཞིབ་བརྡུངས་སྦྲང་རྩི་དག་དང་སྦྱར།།ཁ་དང་ངོ་ཤིག་ཤ་རོ་དག་ལ་ཕན།།
རེ་ལྕག་རྩ་བ་ཞིབ་བརྡུངས་ཏེ།།མར་དང་ཆང་གི་ནང་དུ་བཙོས།།དར་རམ་རས་ཀྱི་ཚགས་ལ་བཙགས།།ལྕེ་དང་ལྒང་པགས་དག་དང་སྦྱར།།མ་ཤར་བཏང་ན་ཁོང་པའི་གྲང་རླུང་སེལ།།སྲིན་དང་བད་ཀན་འཁྱིལ་བ་དང༌།།སྦྱོངས་འཁྲིག་པ་རྣམས་འོར་དུ་འདྲེན།།
རྒུ་དྲུས་པས་ནི་རྨ་ཡི་ཤའུ་གསོ།།རྨེན་གཅོད་རྩ་ཁ་འཛིན་པའི་མཆོག་ཡིན་ནོ།།བྲག་སྤོས་དང་ནི་འབྲི་མོ་དང་།།སྲོ་ལོ་ཨཏྤལ་སྤྱི་ཞུར་ལྔ།།བྱང་ཁོག་སྟོད་དུ་རྨ་བྱུང་སྟེ།།གློ་སྙིང་ཚ་བ་སྐྱེས་པ་ཡི།།ཐིགས་སྡོད་རྩ་ལ་གཟེར་ཀུན་སེལ།།ལུད་པ་ཁྲག་རྣག་འོང་བ་བསྒྱུར།།
བོང་རྣ་བས་ནི་རྨ་ཡི་གཤེར་ཚགས་སྐེམས་ཤིང་གསོ།།ན་རམ་ཟར་མ་ཞོ་བཙོས་དག་ལ་གདབ།།ཚ་གྲང་གང་ཡང་འཁྲུ་བ་གཅོད་པར་བྱེད།།ལོ་ཁྲོམ་ཨུཏྤལ་ཁྲག་རྐང་གསུམ།།སྦྱར་བསམ་ཆིན་པའི་ཚད་པ་སེལ།།ལྕང་མ་རེ་ལྕག་མེ་ཏོག་དང༌།།རྒྱ་ཚ་ཐང་དུ་བཏང་བས་ཆུ་སྲི་སེལ།།
ཆུ་འགྲམ་ན་ལ་སྐྱེས་པའི་མེ་ཏོག་སྒ་ཆུང་བ།།ཤ་དུག་ནད་རྣམས་ཐུར་དུ་འདེད་པར་བྱེད།།མཁན་སྐྱའི་ལོ་མ་བཅད་པ་དང༌།།སྐག་དང་ཞུ་མཁན་བསྲེས་ལ་བདུག།རྟ་ལྗང་སེར་དཀར་ལོ་མ་བསྡུ།།ཁུ་བ་བསྲེས་པ་སུན་གཅིག་བླུད་ལ་ཉལ་དུ་བཅུག།ཉམས་སྟོབས་ཆེ་ཆུང་དང་སྦྱར་ལ།།ཆུང་ན་དྲོད་མེ་བཏང་བར་བྱ།།རྩ་ཆེན་ཆད་པའི་མངལ་བླུག་དང༌།།བད་ཀན་མཚོ་རལ་གློ་རྡོལ་དང༌།།སྣ་ཁྲག་ལྷུང་བ་ཆོད་པར་བྱེད།།
གཟེ་མ་རོ་ནི་དྲོ་ཞིང་འཇམ་ལ་རླན།།འབྲས་བུ་དྲོ་ཞིམ་སྐམ་པས་རླུང་དང་གྲང་བ་དག་ལ་ཕན།།རྩ་བ་ལྔ་ཡི་དྲོད་ཡིན་ཏེ།།ཀླད་པ་དག་ལ་བསྐུས་ན་ཕན།།ཆང་དུ་བྱས་ན་རུས་གྲུམ་འཁྲུ་བ་དྲོ། །སྙིང་བྱ་ཁྱུང་དང་ནི་རེ་རལ་དང༌།།སྦྱར་བས་མཆིན་པའི་དུག་ཐབས་དང༌།།གློ་བའི་དུག་ཐབས་དང༌།།ཚད་རོ་རྙིང་བ་ཀུན་ཐོན་པར་འགྱུར།།སྡེར་མོ་བྱ་ཁྱུང་ཤ་ལ་ཡུ་རིང་དང༌།།སྤྲེལ་ཤིང་སྤང་རྒྱན་བསེ་རྒོད་སྤང་རྩི་རྣམས་ཀྱིས་ཤ་དུག་དང་ཤ་ནད་ཀུན་གསོའོ།
སྒོང་ཐོག་པ་ཡི་ཐང་གིས་ནི།།ཤ་རྩ་རུས་རྩ་ཀླད་རྩ་དང༌།། རྐང་གི་རྩ་ཆད་མཐུད་པར་བྱེད།།འོལ་མོ་སེ་དང་བྱི་ཏང་ཀ།ཕུར་མོང་དཀར་པོ་དང་སྦྱར་བས།།སྲིན་ནད་མ་ལུས་སེལ་བར་བྱེད།།འབྲུམ་བུ་དམར་པོས་རྒྱུ་མ་ན་བ་དང༌།།རྡེལ་བུ་བེལ་ལུག་འཁྲུ་བ་ཕན།།དུག་སྨན་ཀུན་གྱི་གྲོགས་སུ་འགྲོ།
སྐྱེར་བའི་འབྲས་བུ་རོ་ནི་བསྐ་ལ་རྣོ།།ནད་གང་ཡང་རུང་སྟེ་ཕོ་བའི་མེ་དྲོད་སྐྱེད།།ཟས་འཇུ་ཡི་ག་འབྱེད་པར་བྱེད།།ཆུ་སྲི་བ་ལ་ཆུ་སྐོལ་སྦྱར་བ་བླུད།།མིག་སེར་བ་ལ་སྦྲང་དང་ལྡེ་གུ་བྱས་ན་ཕན།།ཁཎྡ་མིག་ལ་བཏབ་ན་ལོང་བ་འབྱེད།།མཆིན་པའི་རྩ་འགག་ཟླ་མཚན་འཛག་ལ་ཕན།།
བྱ་རོག་ནོར་བུས་རྨ་རྣམས་འཚོ།།བསྲེག་པའི་ཐལ་བ་མར་དང་སྦྱར་བྱས་ནས།།བྱུགས་པས་རྔོ་དང་འཇམ་སོགས་འཇོམས།།
རྒྱ་བ་སྨུག་པོ་རོ་ནི་ཁ་ཞིང་ཚ།།རྨ་ཡོད་ཁོང་དུ་བཏང་ན་ཆུ་སེར་རྣག་ཁྲག་འབྱིན།།ཕོ་མཆིན་མཁལ་རྐེད་ན་བ་དང༌།།སོ་ལ་རླུང་སྲིན་ན་བ་དང༌།།སྦོས་རྔུལ་བྱེད་ལ་དྲོད་ཆུང་དང༌།།ཟས་འཇུ་དཀའ་དང་ཕོ་བའི་རླུང་སྲིན་ལ།།བཅུད་སྐོལ་བ་ལ་བཏང་ན་ཕན།།གོས་ནི་དྲོ་བ་ཤིན་ཏུ་གཅེས།།
ཆུ་ལོ་བཙིར་བའི་ཁུ་བ་ནི།།མིག་ཏུ་བླུག་ན་ལིང་ཐོག་ཕན།།མཛེར་བ་དག་ལ་ལུམས་བྱས་ན།།ཐོགས་པ་མེད་པར་ཞི་བར་འགྱུར།།
ཉིན་ལོང་བྲ་མ་གཅིག་འགྲེང་གི།རྩ་བ་བསྐོལ་ལ་ཁུ་བ་བཞུར།།སྔོན་བུ་ཀྱི་ལྕེ་གཉིས་བཏབ་ལ།།ཅུང་ཟད་མནན་པས་ལྡང་གྱུར་ན།།དུག་ནད་གསར་རྙིང་མེད་པ་དང༌།།ཕོ་བ་གྲང་བ་ཆུ་འགགས་དང༌།།ཐམས་ཅད་བཤལ་ཏེ་སོས་པར་འགྱུར།།རྗེས་ཀྱང་གཞན་དང་འདྲ་བ་ཡིན།།
དབང་བོ་ལག་པའི་རོ་ནི་མངར་ལ་སྙི།།ན་དང་ཆུ་མིག་འགྲམ་ན་སྐྱེ།།སྐམ་ལ་སྐྱེས་པའི་མེ་ཏོག་བེ་སེར་པོ།རྩ་བ་མི་ཡི་ལག་པ་འདྲ།།སོར་མོ་བཞི་གསུམ་ལྔ་བ་ཡོད།།དེ་ཡི་རྩ་བ་འོ་མ་དང་སྦྱར་ཟོས་གྱུར་ན།།མཁལ་ནད་ཀུན་ལ་ཕན་པར་འགྱུར།།སེམས་གསལ་རོ་ཙ་སྟོབས་ལྡན་འགྱུར།།ཕྱེ་མ་མིག་ལ་བཏབ་ན་ཁ་བས་ཕྱིད་ལ་ཕན།།
〔ར〕སྤོར་ཆེན①རོ་ཁ་ཡིད་ཙམ་མངར།།མེ་ཏོག་སྨུག་སེར་རྒྱ་ཕོར་བཀབ་པ་འདྲ།།ལོ་མ་མེ་ཏོག་ཁྱད་མེད་ཕྱེ་མ་བྱ།།བསྐོལ་ཐང་བཏང་ན་གཟེར་འཐབ་དང༌།།རིམས་རྙིང་དྲེག་གྲུམ་མིག་ཆུ་ཤོར་བ་དང༌།།རྐང་ལག་ཆུ་སེར་བབས་པ་དང༌།།གློ་གན་བ་དང་བྲང་རྒྱབ་གཟེར་བ་དང༌།།གདོང་སྐྲངས་པ་དང་སྟོད་མཇིང་ན་ལ་ཕན།།གོས་ཀྱིས་བྱིབས་ལ་རྔུལ་ཡང་དབྱུང༌།།སྨན་ཞུན་བྱས་ནས་ཟོས་གྱུར་ན།།གཅོང་རྙིང་བུད་མེད་མཁལ་ནད་དང༌།།གཟེར་དང་ཆུ་སེར་ནད་ལ་ཕན།།
སྒྲོན་ཤིང་རིན་པོ་ཆེ་ཡི་མཆོད་སྡོང་འདྲ།།ལོ་མ་གཡུ་ཡི་སྤྲིན་ཆེན་འདྲ།།སྙིང་པོ་ཀམ་ཀའི་མཆུ་དང་འདྲ།།རོ་ནི་དྲོ་ཞིང་སྐམ་ལ་རྩུབ།།རང་གི་ནུས་པས་འཁྲུ་བར་བྱེད།།བསྐོལ་ཐང་བཏང་ན་འོར་ནད་སེལ།།མར་དང་སྦྱར་ན་ལུད་པ་དབུགས་མི་བདེ་བ་འཇོམས།། སྒོག་སྐྱ་ལྡེམ་ལྡེམ་བརྡུངས་པ་ཆུ་དང་མར་དུ་བསྐོལ།།ཆུ་རུ་མར་དེ་ལུས་པ་དང༌།།རན་པར་ཟོས་ན་ཕྱི་ས་འགགས་པ་དང༌།།ལོང་ལ་སྲིན་ནི་ཞུགས་པ་དང༌།།མཆིན་པར་གྲང་སྐྱེས་ཀུན་ལ་ཕན།།དུག་དང་མཁལ་རྐེད་ན་བ་དང༌།།མཆིན་པའི་ནད་དང་གྲང་ནད་དང༌།།ཟས་མི་འཇུ་དང་རླུང་ནད་དང༌།།སྲིན་གྱི་ནད་དང་གྲང་འཁྲུ་ལ།། བརྡུངས་བཙགས་ནང་པར་བཏང་ན་ཕན།།ཟས་ཀྱང་དྲོད་བག་དག་ཏུ་བཏང།།སྒོག་པའི་རྩ་བ་ཤད་ཤད་གོ།བརྔོས་ཏེ་བཏགས་ལ་ཆང་དང་སྦྱར།།ནང་བར་བཏང་ན་སྲིན་མར་འབྱུང༌།།སྒོག་སྐྱ་རྡོག་གཅིག་ཞིབ་ཏུ་བརྡུང༌།།ཕྱེ་མ་ཆང་དང་སྦྱར་བྱས་ཏེ།།བཏང་བས་
①མ་ཡིག་ཏུ་དབུ་མེད་དར་ཡོར་ཆེན་ལྟ་བུའམ་ར་ཡོར་ཆེན་ལྟ་བུ་འདུག་པ་ཚིག་རྐང་བསྟུན་ན་མི་བདེ་བས་དཔྱད།
སྦོས་པའི་ནད་ལ་ཕན།།
བལ་བུའི་ལོ་མ་དྲོ་ཞིང་འཇམ།།རང་གི་ནུས་པས་སྐད་འགགས་སེལ།།ཕོ་བ་རིས་དང་པི་པི་ལིང༌།།མ་ནི་བཅའ་སྒ་གླང་སྒ་དང༌།།ཀ་ར་སྦྱར་ནས་བཏང་གྱུར་ན།།གློ་དང་རིམས་དང་ཕོ་བའི་ནད།།ཆམ་པ་རྙིང་བ་ཀུན་ལ་ཕན།།ལུམས་རྣམས་ཀུན་ལ་བསྔགས་པ་ཡིན།།བལ་བུ་མི་གཅིན་དག་ཏུ་སྦངས།།བཏང་བས་ཤ་སེར་མིག་སེར་སེལ།།
སེ་རྒོད་རོ་ནི་དྲོ་ཞིང་སྐམ་ལ་འཇམ།།སྦྱོར་བའི་གྲོགས་དང་འཕྲད་ན་རྣག་སྐམ་བད་ཀན་སེལ།།ཡི་ག་འབྱེད་ཅིང་རིམས་རྙིང་དང༌།།བད་ཀན་ནད་རྣམས་ཐུར་དུ་འདྲེན།།
ཤུག་པ་སྤ་མ་བདུད་རྩི་ཟིལ་བ་ཅན།།ལུམས་རྣམས་ཀུན་གྱི་ཁྲོད་དུ་འགྲོ།སྐྲངས་དང་བེམ་པོ་འདུལ་བའི་མཆོག།རྔུལ་འབྱིན་པ་ལ་ཤུག་པའི་ལོ་མ་དང༌།།སྤྲུ་དཀར་འཁན་དཀར་མཚེ་དང་ནི།།སྲན་མའི་མེ་ཏོག་དང་བཅས་བཙོ།།དེ་ཡིས་བདུག་ན་རྔུལ་ཡང་འབྱུང༌།།དེས་ནི་རིམས་རྙིང་རུས་ཞེན་དང༌།།མཆིན་ནད་ད་རྒན་ཞ་བོ་དང༌།།བདེ་ཞིང་རང་བའི་མཆོག་ཡིན་ནོ།།
ཤུག་པ་ཚེར་མ་ཅན་གྱིས་ནི།།ཆུ་འགགས་རྩ་བཤལ་འབྱིན་པ་ཡི།།ཤུག་པ་ཚེར་མ་ཅན་དང་ར་དུག་དང༌།།སྤང་སྤོས་རི་རུས་བཞི་ནི་སེར་ཙམ་བྱ།།ར་ཡི་དབྲེ་དང་ལྔའི་མཉམ།།ཐུར་མགོ་རེ་རེ་བཏང་བར་བྱ།།སྨན་ནད་བྱུང་ན་བག་ཙམ་བཞག།སྨན་བཏང་རྗེས་ལ་སྐྱུར་ན་ཐུབ།།ཆུ་སྐྱུག་སྐྱིགས་བུ་མང་བ་ཡིན།།དེ་ལ་དོམ་མཁྲིས་ཞད་ཙམ་བཏང༌།།སྦྲིད་དང་རོ་ནི་སྐྱོ་བ་བཏང༌།།དེས་མི་ཐུབ་ན་རྒྱ་ཚ་བཏང༌།།ལྷོག་པའི་སྨན་ལ་མཆོག་ཏུ་བཤད།།སྐམ་ཟས་མ་བསྲུང་བསིལ་ལ་བསྟེན།།
ཐང་ཤིང་འབྲས་བུ་རོ་ནི་དྲོ་ལ་སྐམ།།ཟོས་ན་ས་བོན་སྐྱེད་པར་བྱེད།།སྟར་བུ་དང་བཅས་ཟོས་པ་ལ།།ལུད་པ་རྣག་ཁྲག་འདྲེས་པ་སེལ།།རྨ་ཁར་བཏབ་ན་འདྲུབ་པར་བྱེད།།ཐང་ཆུས་སེར་ག་སོ་མ་བྱེད།།ཀླད་པ་དང་ནི་གློ་ནད་ལ།།སྦྲང་དང་རྒུན་འབྲུམ་གསུམ་དུ་སྦྱར།།ཟོས་ན་ནད་དེ་ཞི་བར་བྱེད།།
རྒུན་འབྲུམ་ལང་ཐང་སྨིན་པ་འདྲ།།རོ་ནི་མངར་ཞིང་ཡིད་ཙམ་སྐྱུར།།རྒུན་གྱི་རུས་པས་འཁྲུ་ས་གཅོད།།རྒུན་གྱི་ཤ་ཡིས་འཁྲུ་བར་བྱེད།།ཀླད་ནད་རིམས་དང་མཚེར་བའི་ནད་ལ་ཕན།།རྒུན་ཆང་སྙོམས་ཤིང་ལུས་པོ་བདེ།།ཆུ་ནང་སྒྲུངས་(བསྒྲུངས)ན་བྱིས་པའི་ཀླད་ནད་སེལ།།
རྒྱ་ཤུག་འབྲས་བུ་རོ་ནི་དྲོ་ཞིང་རླན།།གློ་མཆིན་མཁྲིས་པའི་ནད་རྣམས་ཀུན་ལ་ཕན།།ཞུ་རྗེས་བསིལ་བའི་མཆོག་ཡིན་ནོ།།
སྟག་ལྕམ་མ་ནི་སྡོང་བོ་གྲུ་བཞི་ཐིག་ཤིང་འདྲ།།སྤང་སྤོས་ཕུར་མོའི་ལོ་མ་དང༌།།སྐྱི་བའི་འབྲས་བུ་སྦྱར་ན་སྲིན་ནད་སེལ།།
ལུང་གི་རྟ་ལྤགས་རོ་ནི་གྲོ་ཞིང་འཁྲུ་བ་གཅོད།།ལོ་མ་བརྡུང་པ་རྨ་ཁར་བརླན་ན་ནི།།རྨ་ཁ་རློན་ཞིང་འཚོབ་འགྲུབ།།ཟླ་མཚན་འགགས་དང་ཆུ་འགགས་དང༌།།ས་བོན་ལུག་པ་ལ་ཡང་ཕན།། བཅུད་ལེན་དུ་ཡང་འགྱུར་བ་ཡིན།།ཆུ་སེར་སྐེམ་པོ་ཡང་འགྲོ།
མེ་ཏོག་ལུག་གི་〔མིག〕ཨུཏྤལ་སྐྱང་པ་འདྲ།།ཁོང་དུ་བཏང་ན་འགག་པ་སེལ།།ལུམས་སུ་བྱས་ན་ཀླད་ནད་སེལ།།གཞན་ཡང་བསིལ་བའི་སྔོ་བཏང་ཀུན་ལ་འགྲོ།
སྔོན་བུའི་རོ་ནི་རླན་ལ་རྣོ་ཞིང་འཇམ་ལ་འཁྲུ།།གློ་གཟེར་རྒྱུ་གཟེར་གཉིས་ཀ་ལ་ཡང་ཕན།།བོང་ང་དཀར་ནག་གཉིས་དང་ཆ་མཉམ་སྟེ།།ཚ་དང་སྐྱོ་མ་བྱས་ནས་སྐྲང་ལ་བྱུག་ན་ཕན།།འཁྲུ་སྨན་དག་ཏུ་བཏང་བ་ན།།ཁོང་པའི་རླུང་སྐྲངས་ལ་ཡང་ཕན།།ཆུ་རྒྱུས་འཁུམ་པ་སྐྱོང་བར་བྱེད།།རྣ་བ་འོན་པའི་སྟེང་དུ་བླུག།ཐོས་པར་འགྱུར་བ་ཐེ་ཚོམ་མེད།།དུག་རྐ་བ་ནད་ལ་ཤིན་ཏུ་རྣོ།།ཏིལ་མར་དང་སྦྱར་དུག་ལ་ཕན།།ཕག་གི་ཚིལ་དང་སྦྱར་ཡང་ཉན།།
རྒྱལ་བོ་རེ་རལ་ཉིན་གྱི་བྲག་ལ་སྐྱེ།།ལོ་མ་མེ་ལྕེ་མཆེད་པ་འདྲ།།རྩ་བ་གཡུ་སྦྲུལ་འཁྱིལ་བ་འདྲ།།རོ་ནི་ཡིད་ཙམ་མངར་ལ་བསིལ།།ཆུ་ནང་བསྡུས་ལ་ཡིད་ཙམ་བསྐོལ།།མང་ཉུང་ཅི་རན་ཚོད་དང་སྦྱར།།རྨ་ལ་ཆུ་མི་གནོད་དང་སྙིང་ཚད་སེལ།།སྦྱོར་བས་རྨ་ཡི་གཡན་ཡང་འགྲུབ།།
བློན་པོ་རེ་རལ་ལོ་མ་ཁེ་རག་ཅན།།ཤིང་མངར་དང་སྦྱར་གློ་བའི་ཚད་པ་སེལ།།ལུག་མུར་དང་སྦྱར་གློ་བའི་ཚད་པ་སེལ།།བྲག་ཞུན་དང་སྦྱར་མཆིན་པའི་ཚད་པ་སེལ།།བུ་རམ་དང་སྦྱར་བད་ཀན་སྐྱ་བོ་སེལ།།མིག་ལ་ཆུ་ཤོར་ལ་ཡང་ཕན།།འབྲས་བུ་སྐྲངས་པ་ཕན་པར་བྱེད།།ཆུ་དང་སྦྱར་ན་མཁལ་ནད་ཆུ་འགགས་སེལ།།
བཙུན་མོ་རེ་རལ་བྲག་གི་སེར་ཁར་སྐྱེ།།འདབ་མ་གསེར་གྱི་ཐིག་ལེས་བརྒྱན།།བསྐོལ་ཐང་མཆིན་པའི་ཚད་པ་སེལ།།མཆིན་དྲི་བསྣད་འགྲམས་ལའང་ཕན།།རྨ་གསར་དག་ལ་བཏབ་དང་ཁོང་དུ་བཏང༌།།སྦྲང་དང་བུ་རམ་སྦྱར་བ་ཁོང་དུ་བསྟེན།།བད་ཀན་དུག་དང་ཕོ་བ་ན་བ་དང༌།།མཆིན་ནད་གྲང་དང་མཁལ་རྐེད་རླུང་ནད་དག་ལ་ཕན།།ཡང་ན་ཆང་གིས་འཕུལ་ལ་བཏང༌།།
གཡའ་ཁྱི་སྔོན་པོས་སྙིང་གི་ཚད་པ་སེལ།།རོ་ཡི་ནུས་པས་ཚད་པ་འདྲེན་པར་བྱེད།།འཐིབ་ཅིང་མྱོས་པའི་ཚད་པ་དང༌།།བརྒྱལ་ཞིང་འབོག་པའི་ཚད་པ་སེལ།།སྐག་དང་ར་ཁྲག་གསུམ་དུ་སྦྱར།།སྨན་གྱི་ཐུན་ཡང་ཆེ་བར་བྱ།།
སེར་བོ་ཁྲག་རྐང་ཚད་པ་དྭངས་སྙིགས་འབྱེད།།ལོ་མ་གཡུ་བུན་གཏོར་བ་འདྲ།།མེ་ཏོག་གསེར་གྱི་སྒྱེལ་བུ་འདྲ།།རོ་ནི་ཁ་ཞིང་འཁྲིལ་བག་ཅན།།ཉིན་གྱི་རྫ་བྲག་དག་ལ་སྐྱེ།།སྟོན་ཟླ་ར་བལའི་ཉ་ལ་བཏུ།།ཀ་ར་དག་དང་སྦྱར་ལ་བཏང༌།།ཚད་པ་གསར་རྙིང་གང་ཡང་སེལ།།
པྲི་ཡང་ཀུས་①ནི་མཆིན་པའི་ཚད་སེལ།།ཉིན་སྲིབ་འདྲ་སྟེ་ཕལ་ཆེར་སྲིབ་ལ་སྐྱེ།།དར་སྔོན་སྦྲ་ལ་བཏགས་པ་འདྲ།།གུར་གུམ་གི་ཝང་ཀ་ར་སྦྱར།།མཆིན་ནད་ཚད་པ་སེལ་བ་ཡིན།།གཞན་ཡང་ཡོན་ཏན་བསམ་མི་ཁྱབ།།
རྟེ་བའི②མེ་ཏོག་དང་ཁ་འབྱེད།།སྟར་བུ་སྐྱུ་རུ་སེ་འབྲུ་སྦྱར།།བུ་རམ་དཀར་པོའི་རྟ་ལ་བསྐྱོན།།སྐྱེད་བྱེད་ནད་གཞི་ཅི་ཡང་རུང༌།།ཡི་ག་འབྱེད་པར་བྱེད་པའི་མཆོག།
ཁུར་མང་བས་ནི་ལོང་ཚད་སེལ།།རྩ་བ་ལོ་མ་མེ་ཏོག་གསུམ།།ཕྱེ་མ་བྱས་པས་མགོ་རྨ་གསོ།།ཁོང་དུ་བཏང་ན་ཆུ་མི་འཇིག།ཕྱེ་མས་རྣ་ཁྲག་གཅོད་འགྱུར་ཏེ།།དམ་པའི་ཞལ་ནས་དཀོན་པར་གསུང༌།།ཚོད་མ་བྱས་ན་རིམས་འཁྲུགས་ཀྱང༌།།ཁ་ཟས་མཆོག་ཏུ་བཤད་པ་ཡིན།།རྩ་བས་རྩ་ཆད་མཐུད་པ་ཡིན།།མེ་ཏོག་རུས་ཆག་འབྱོར་བ་ཡིན།།ལོ་མས་རྩ་ཆད་མཐུད་པར་བྱེད།།གཞན་གྱི་རྟ་ཡི་གཙོ་བོ་ཡིན།།
སྤང་རྩི་དོ་བོས་ལོང་གི་ཚད་པ་སེལ།།གདམས་ངག་ལྡན་པས་བད་ཀན་སྨུག་པོ་འཇོམས།སྡོང་བོ་མེ་ཏོག་བག་རེ་དཀར།།ལོ་མ་མེ་ཏོག་འདབ་མ་གསུམ།།བོང་ང་དཀར་པོ་ལྔ་རྣམས་ནི།།ཞོར་ཆ་ནི་མཉམ་པརབྱས།།ག་བུར་གྲི་རྩེ་གང་བཏབ་སྟེ།།འདི་རྣམས་སྦྱར་བས་མགོ་དང་བྱང་ཁོག་མ།ཚད་རིམས་ཐམས་ཅད་སེལ་བར་བྱེད།། མཆོག་ཏུ་མགོ་རྨ་དག་ལ་བཤད།།རྩ་བ་ལོ་མ་གང་ཡང་རུང།།མར་དང་ལྡེ་གུ་བྱས་བཟོས་ན།།ཁྲག་རྣག་ཆུ་སེར་འདྲེན་ཅིང་རྨ་རྙིང་འདྲུབ།།རྩ་དུགཆུ་དུག་གློ་ནད་ཟུག་གཟེར་དང༌།།རིམས་རྙིང་ཕོ་མཚེར་སྦོས་རྔུལ་དང༌།།ཡི་ག་ཆུས་དང་བད་ཀན་རྒྱས།།ལྕེ་ལྐོག་རྒྱས་དང་ཀླད་ནད་སེལ།།རློན་པ་ཆུས་མཉེས་དང་ཁུ་བའི།།རོ་སྟོད་མན་ཆད་ནད་རྣམས་སྐྱུག་པར་བྱེད།།ཕྱེ་མ་འོ་མར་བསྐོལ་བཏང་ན།།ཁྲག་ཏུ་འཁྲུ་དང་ཚད་རྙིང་སེལ།།
བྲག་སྐྱ་ཧ་ལོས་བསམ་སེའུ་ནད་ཀུན་ཕན།།བྲག་གི་ལོགས་ལ་འབྱར་ནས་སྐྱེས།།མེ་ཏོག་དཀར་དང་སྨུག་པོ་སྐྱེས།།བུ་རམདང་སྦྱར་གྲང་རླུང་འཇོམས།།ཚ་བ་གསུམ་དང་སྦྱར་བས་བད་ཀན་འཇོམས།། རང་གི་ནུས་པས་བསམ་སེ་མངལ་ནད་འཇོམས།།
རྒྱ་སྤོས་པགས་པས་ཚད་པ་སེལ།།སྡོང་བོ་མེ་ལོང་ཁ་ལྟར་གྱེས།།ཁ་དོག་དཀར་པོ་ཕྲ་བར་འདུག།དྲི་ཞིམ་རོ་ནི་མངར་རྒྱ་གང༌།། རང་གི་ནུས་པས་གག་ལྷོག་སེལ།།ཅུ་གང་དང་སྦྱར་གློ་ཚད་སེལ།།ཞོ་ཤ་དང་སྦྱར་སྙིང་རླུང་སེལ།།གླ་རྩི་དང་སྦྱར་ཤ་དུག་སེལ།།ལུས་ལ་བཅང་ན་འགོ་ནད་ཐུབ།།
①མ་ཡིག་ཏུ་དབུ་མེད་པྲི་ཝེང་ཀུས་ནི་ཞེས་འབྱུང་བ་པྲི་ཡང་ཀུ་བྲིས་ནོར་འདྲ།
②རྟེ་བའམ་རྡེ་བ་དང་རྙེ་བ་གང་ཡིན་མི་གསལ།
སྤང་རྒྱན་དཀར་པོས་ཐང་དུ་བསྒྲུབ།།མིག་དང་གློ་བའི་ཚད་པ་སེལ།།བལ་བུས་ལོ་མ་ཨ་རུ་ར།།ཤིང་མངར་བུ་རམ་དང་སྦྱར་ན།།རིམས་རྙིང་ནད་ནི་སེལ་བར་བྱེད།།གཅིག་ཐང་གྲེ་བ་འགགས་པ་སེལ།།རྒྱ་སྤོས་དང་སྦྱར་གག་པ་སེལ།།
སྤང་རྒྱན་སྔོན་པོའི་ཆིག་ཐང་འབྲུམ་ནད་སེལ།།ཕུ་རྨོང་①བྱི་ཐང་ག་དང་སྦྱར་ན་སྲིན་ནད་སེལ།།སྤང་རྒྱན་དཀར་གཉིས་གླ་རྩི་ཤེལ་ཏ་ཚྭ་ལ་སྦྱར།།སྦྱར་དུག་ལ་ཡང་ཕན་པར་འགྱུར།།དྲི་ཆུ་དང་སྦྱར་ཤ་དུག་སེལ།།ལྕམ་པ་དང་སྦྱར་སྐོམ་དད་སེལ།།ཆུ་རུག་དང་སྦྱར་ཆུ་མི་གནོད།།སྦལ་རྒྱབ་དང་སྦྱར་ཞོམ་རྡིབ་སྲོང༌།།ཁབ་ལེན་དང་སྦྱར་ལྷ་བ་འགུག།ཆུ་དང་སྦྱར་ན་ལིང་ཐོག་སེལ།།མར་དང་སྦྱར་ན་འགུལ་འགགས་སེལ།།
མེ་ཏོག་ཡང་ཏོ་ལྡིང་བར་བྱེད།།རང་གི་ནུས་པས་བསིལ་བར་བྱེད།།དཔའ་བོ་དཀར་དང་སེར་བ་སྟེ།།གླ་རྩི་བོང་ང་དཀར་པོ་དང༌།།སྦྲང་གིས་སྦྲུལ་དུག་ནད་རྣམས་སེལ།།ཡང་ན་ལྡུམ་བུ་རེ་རལ་དང༌།།ཁྱུང་སྡེར་དཀར་སྨུག་སྦྲང་རྩི་དང༌།།སྲན་མའི་ལོ་མ་སྦྱར་བ་ནི།།དུག་གི་ནད་ལ་ཤིས་པ་ཡིན།།ཡང་ན་རྒྱལ་མཚན་གང་གཱ་ཆུང༌།།རྩ་བ་ལོ་མ་གང་ཡང་རུང་བ་སྟེ།།བུ་རམ་སྦྲང་རྩི་དག་ལ་གཞི་བྱས་ན།།ལྡེ་གུ་རྒྱུན་དུ་བསྟེན་གྱུར་ན།།ལུས་ཉམ་ཆུང་བ་སྟོབས་བསྐྱེད་འགྱུར།།ནར་སོན་ཡང་ཡང་བསྟེན་པར་བྱ།།
པར་བ་ཏའི་ཐང་གིས་མཁྲིས་པའི་ཚད་པ་སེལ།།གློ་རིགས་གསར་བ་མྱུར་དུ་བདེ།།ཨ་བར་འབྲི་མོག་སྐག་དང་ནི།།མཚལ་དང་པི་པི་ལིང་དུ་སྦྱར།།ཀ་ར་དཀར་པོའི་རྟ་ལ་བསྐྱོན།།གངས་རྙིང་དག་གི་ཆུ་ཡིས་འཕུལ།།ཚད་པས་གློ་བ་རྡོལ་བ་སེལ།།སྐམ་ཤ་གྲོ་ཟན་སྦང་མ་བཞིན།།ལུག་ཤ་དང་ནི་བུ་རམ་སྦྱར།།ལན་ཚ་རུལ་སྲུང་སྤང་བར་བྱ།།འབྲུམ་པའི་ནད་ལ་ཐང་དུ་བཏང་ན་ཕན།།ཕུར་མོང་དཀར་པོ་བདུད་རྩི་ཟིལ་བ།།ཐང་དུ་བསྐོལ་བས་སྲིན་ནད་སེལ།།ཤ་བའི་ཚིལ་དང་ལང་ཐང་རྩེ།།མ་རུ་རྩེ་དང་ར་ཚིལ་སྦྱར།།ཟོས་ན་སྲིན་བཤང་བའི་གནས་སུ་འབྱུང༌།།མི་ལ་མ་སྤེལ་སེམས་ལ་ཆོངས།།
གཉན་ཐུབ་དམར་པོས་ལྷོག་པ་འཇོམས།།ཁོང་སྨན་རྨ་སྨན་གཉིས་ཀ་ཡིན།།མན་ངག་ལྟར་ན་དུག་ཀུན་འཇོམས།།གཞན་ཡང་ཡོན་ཏན་བསམ་མི་ཁྱབ།།
ར་དུག་དཀར་པོ་གཅིག་འགྲིགས་པ།།མེ་ཏོག་དེ་ནི་དམར་རིགས་ཅན།།དེ་ནི་ལེགས་པར་
① ཕུར་མོང་ཡིན་ནམ་དཔྱད།
སྐམས་བྱས་ལ།།ཁྲོན་བུ་ཤུག་པ་ཚེར་མ་ཅན།།གསུམ་དུ་སྦྱར་ལ་ཁོང་དུ་བཏང༌།།གྲེ་བ་འགགས་ལཐོགས་པ་མེད།།སྐྲངས་པ་ཚེ་བར་གྱུར་པ་ན།།གཙགས་བུས་དྲས་ལ་གདབ་པར་བྱ།།
ར་དུག་སྔོན་པོའི་རྩ་བ་དང༌།།ལོ་མ་གང་ཡང་རུང་བ་ཡིས།།གཉན་གྱི་ནད་རྣམས་ཐུབ་པ་སྟེ།།སྦྱོར་བའི་གྲོགས་ནི་ཤེལ་ཐང་དང༌།།སྟག་ཤ་ཟིན་ཐིགས་དང་སྦྱར་བས།།ཁོང་དུ་ཡང་ནི་བཏང་བར་བྱ།།ལུམས་ཀྱང་དེ་ཉིད་ཁོ་ནའོ།།ཟས་སུ་ཆུ་ཐུག་ཚྭ་མེད་དང༌།།བཅུད་མེད་པ་རྣམས་བཏང་བར་བྱ།།སྤྱོད་ལམ་མི་རྟ་ཁྱི་གསུམ་བསྲུང༌།།
སྟག་ཤ་རང་གི་ནུས་པས་ལྷོག་པ་འཇོམས།།ཟིན་(ཐིགས)ཨ་ཤྭ་ཀ་རྡ་དང༌།།བོང་ང་ནག་པོ་སྦྱམ་བ་ཡིས།།གག་ལྷོག་གཉིས་ཀའི་ཁོང་སྨན་ནོ།།ཕྱི་ཡི་ནད་ལ་གོང་གི་སྨན།།ལེགས་པར་བརྡུངས་པའི་ཕྱེ་མ་དེ།།དྲི་ཆུ་ར་བྲེ(དབྲེ)ར་ཁྲག་གསུམ།།སྦྱར་ལ་ནང་དུ་གདབ་པར་བྱ།།དེ་ནི་བཅིང་ན་ཐེ་ཚོམ་མེད།།
ཤེལ་ཏང་དཀར་པོའི་རང་གི་ནུས་པས་འཁྲུ་བ་སེལ།།རིམས་ཀྱི་ནད་ཀྱང་སེལ་བར་བྱེད།།ཁྱད་པར་མཆིན་པའི་ཚད་པ་སེལ།།ལྡེམ་ལྡེམ་བརྡུངས་ཏེ་ལུམས་བྱས་ན།།ལྷོག་སྐྲངས་ཆུ་འབྱམས་བྱུང་བ་ཡི།རེག་རྣམས་ཐམས་ཅད་ལུག་པར་བྱེད།།མར་དང་སྦྱར་ན་སྐྲངས་ལ་ཕན།།སྤང་རྒྱན་སྔོན་པོ་དང་སྦྱར་སྐད་འགགས་སེལ།།འདི་ནི་བཀྲུ་སྨན་རིགས་སུ་རྟོགས།།མཆོག་ཏུ་མཁྲིས་པ་དག་ལ་ཕན།།རྨོ་ཁར་བཏབ་ན་འདྲུས་པར་བྱེད།།ཤ་དུག་དང་ནི་མཆིན་དུག་དང༌།།ཤ་སེར་མིག་སེར་རིམས་རྙིང་དང༌།།བད་ཀན་དུས་ནི་སྐྱུགས་བྲོ་དང༌།།ཆུ་ལ་སུམ་གཉིས་སུམ་ཆ་བསྡུ།།དྲོད་འཇམ་ནང་པར་བཏང་བར་བྱ།།ཡར་ལ་སྐྱུགས་སྟེ་ཕན་པར་བྱེད།།གཅིན་དང་ཕྱི་ས་འགགས་པ་ལ།།ལོ་མ་དག་ལ་བསྡུ་བར་བྱ།
ཨ་ཤོ་ཀ་རྡས་རང་གི་ནུས་པས་སྨད་ཀྱི་དྲོད་ཀྱང་བསྐྱེད།།མཚེར་བ་དག་ལ་ལུམས་སུ་བྱས་ན་ཕན།།རྩ་བ་ལྔ་ཡི་ཡང་གཅིག་ཡིན།།གག་པ་ལྷོག་པ་གང་ལ་ཡང༌།།ཁོང་སྨན་དུག་ཏུ་ཆེ་བ་ཡིན།།འབྲི་ཏ་ས་འཛིན་ཞེས་བྱ།།རྒྱལ་བ་རུལ་དང་རྩི་རྩི་མོ་ཞེས་ཀྱང་བྱ།།འབྲི་ཏ་ཕྱེ་མ་བྱས་བ་ཡིས། །རྨ་ཡི་རྨེན་རྒོད་བསྐྱེད་པ་དང༌།།རྒྱ་ཤུ་ཐོར་མཐེབ་དག་ལ་ནི།།མར་དང་སྦྱར་ལ་བཀུས་པ་ཡིས།།ཇི་ལྟ་བུ་ཡང་སོས་པར་འགྱུས།།ཡང་ན་ལྕང་རྩ་ཤིང་མངར་སྦྱར།།དེས་ནི་བད་ཀན་སྐྱུག་པར་བྱེད།།
བ་ཤ་ཞེས་བྱ་མེ་ཏོག་དཀར།།རྩ་བ་ལོ་མ་འདྲ་སྟེ་མཐེབ་བོང་ཙམ།།སྡོང་བུ་སོར་བཞི་ཙམ་ཏུ་སྐྱེ།།ཕྱེ་མ་བཏབ་ན་རྨ་གསར་བྱོར་བར་བྱེད།།ཚ་ལ་དང་སྦྱར་ཤ་དུག་སེལ།།ཨ་རུ་ར་དང་དྲི་ཆུ་སྦྱར་བས་ཤ་དུག་སེལ།།གཞན་ཡང་ཡོན་ཏན་མང་སྟེ་འདིར་མ་བརྗོད།།
མཚན་ཉིད་བོང་ང་དཀར་པོ་ཞེས་ཀྱང་བྱ།།ཐར་ནུས་རང་གི་ནུས་པ་ཐོན་པར་མཛོད།།སྦྲང་རྩི་ཨ་བ་པི་པི་ལིང་དང་བརྒྱ་ཚར་བཅས།།འདུ་བ་རྣམ་བཞི་གང་ཡང་རུང༌།།ཚ་གྲང་གང་འགྲོའི་རྟ་ལ་བསྐྱོན།།གདམས་ངག་དང་ལྡན་སྐྱེས་བུ་ཡིས།།ཚུལ་བཞིན་སྤྱད་ན་ཡོན་ཏན་མང༌།།རྗེས་ལ་ནད་འཇོམས་ཚོ་ཁུ་བཏང།།སྦྱོད་ལམ་ལེགས་པར་གཟབ་པར་བྱ།།
ལང་ཐང་རྩེ་ཡི་འབྲུ་གུས་སྲིན་ནད་འཇོམས།།ཤེལ་གྱི་མཆིན་པ་དང་སྦྱར་རྒྱལ་བར་འགྱུར།།ཆུ་འཇམ་བླུད་ན་སངས་པ་ཡིན།།ཤ་བའི་ཆིལ་དང་སྦྱར་བས་མཁར་གོང་སྲིན་ཅན་སྲེག་པའི་ཐོག་ཏུ་བཞག།བདུག་ན་སོ་སྲིན་ཐོན་པ་ཡིན།།མེ་རུ་ཙེ་དང་བྱི་ཏང་ག།ཕུར་མོང་ལོ་མ་ཤིང་ཀུན་དང།།སྤང་སྤོས་གླ་རྩི་སྟག་ལྕམ་མ།།ར་ཡི་འོ་མ་སྒོག་སྐྱ་སྦྱར།།བླུད་ན་ཁོང་པའི་སྲིན་ནད་སེལ།།
ཐང་ཕྲོམ་ལོ་མ་རྨ་ལ་གླན།།རྨ་ཆེ་ཆུང་གང་ཡང་མི་སྐྲང་ངོ་།།ཐང་འབྲས་མེ་ལ་བསྲེག་པ་ན།།གདོན་དྲག་པོ་ཡོད་ན་འབྲོས་པར་འགྱུར།།ལྕམ་པས་རྨ་སྐམ་སྐོམ་དད་སེལ།།སྦྱོར་ལ་བཏབ་པས་ཆུ་མི་འཇིག།ཐང་དུ་བྱས་ནས་འཐུང་བ་ན།།མི་ཕྱུགས་གང་ཡང་རུང་བ་ཡི།།བུ་དང་བུ་རོ་འབྱིན་པར་འགྱུར།།
ལུང་བཟང་དྲིལ་བུ་བདུན་གཉིས་འདི།།རང་གི་ནུས་པས་ཚད་པ་འཇིལ་བར་ནུས།།ཆུ་རྟ་དང་སྦྱར་རྩ་བ་རྡོལ།།སྤང་རྩི་དང་སྦྱར་ཆུ་ཤོར་སེལ།།འབྲི་མོག་དང་སྦྱར་གློ་ཚད་སེལ།།དྲེལ་རྔོག་དང་སྦྱར་འོ་མར་བསྐོལ།།དེས་ནི་མཆིན་པའི་ཚད་པ་སེལ།།འཚེར་ནག་དང་སྦྱར་མཚེར་བའི་ཚད་པ་སེལ།།ཏིག་ཏ་དང་སྦྱར་རིམས་ནད་སེལ།།ཀུན་ལ་ཀ་ར་སྦྱར་བ་ཡིས།།གང་ཡང་གངས་ཀྱི་ཆུ་ཡིས་ཕུལ།།རྨ་ལ་བཏབ་ན་འདྲུབ་པར་བྱེད།།སྦོས་པའི་ནད་ལ་ཆུ་བསྐོལ་དང་སྦྱར་ཕན།།
མིང་ནི་ཤང་ཤང་དྲིལ་བུ་སྟེ།།རིགས་ནི་མེ་ཏོག་དཀར་དང་སེར།།རྩ་མཁྲིས་རང་གི་ནུས་པས་མཁྲིས་པའི་ནད་རྣམས་སེལ།།སྐྱེར་བའི་བར་ཤུན་མ་ནུ་དང་།།སྐྲ་བཟང་ཧོང་ལེན་ཏིག་ཏ་རྣམས།།ཀ་ར་དང་སྦྱར་ཆུ་བསྐོལ་གྲང་གིསའཕུལ།།མཁྲིས་མཆིན་ཚད་པ་སེལ་བར་བྱེད།།ཟས་སུ་བུར་དཀར་ཞོ་གྲོག་དང༌།།གློ་སྒོ་སྙན་ཡིན་ཤ་སར་བཞིན།།
ཧོང་ལེན་རི་མཐོའི་རྫ་ལ་སྐྱེ།།ལོ་མ་མི་རྒན་བྲང་རུས་འདྲ།།ཐོག་བུ་སྤྱང་རྒན་མཇུག་མ་འདྲ།།རང་གི་ནུས་པས་རིམས་གསར་སེལ།།གྲོགས་དང་སྦྱར་ན་ཆུ་མི་འཇིག།བ་མར་དང་སྦྱར་ཟོས་ན་མིག་ཀྱང་རྣོ།
ཞིང་ཤིང་སྡོང་པོ་བསེ་ཡི་གཟོ་བ་འདྲ།།ལོ་མ་གཡུ་གཤོག་བརྐྱང་བ་འདྲ།།རོ་ནི་སྐྱུར་ལ་ཞུ་རྗེས་མངམ།བད་ཀན་སྨུག་པོའི་ནད་དག་ལ།།བསྟེན་ན་སྦྱང་ཞེས་དྲང་སྲོང་གསུང༌།།ཆུ་ལ་བུལ་ཏོག་སིངས་པོ་སྦྱར།།རྨ་རྒྱས་ལྷན་ཐབས་འདྲེན་པར་ནུས།།སྦྱོང་སྐྱུག་ཀུན་གྱི་ཁྲོད་དུ་འགྲོ།།སྐྲང་པ་ཀུན་ལ་དོམ་ནན་བྱ།།
ལ་རྒོད་རྩ་བ་སྦྱོངས་སུ་འགྲོ།བསེ་སྒང་སྙ་ལོའི་རྩ་བ་དང་སྦྱར་ཏེ།།ཆང་ལ་བཏབ་བཏུང་རྒྱུ་རྒན་སྐེམ།།བཅད་རན་ཚ་བ་གསུམ་དང་མར་ཁུ་བླུད།།ཆང་སྐྱུར་གཡག་ཤ་ར་ཤ་དང༌།།བུད་མེད་རྣམས་ནི་སྤང་བར་བྱ།།
       སྙ་ལོ་ཐང་གིས་ཆུ་ཡི་ནད་ལ་ཕན།།ཁུག་རྟའི་ཤ་དང་སྦྱར་ན་རྒྱུ་གཟེར་འཇོམས།།ཟས་སུ་ཞོ་དང་འབྲས་ཅན་སྦྱིན།།ཆང་དང་ལུག་ཤ་ཉེས་མི་རུང༌།།ཅོང་ཞི་བཏུལ་སྨན་རྗེས་བྱ།།འབྱུང་བ་བསྲུང་བའི་ཆོ་ག་བྱ།།རྩ་ལ་བཏབ་ན་ཁྲག་ཀྱང་ཆོད།།ནག་ཐུག་ནང་ན་བཏབ་འཐུང་ན།།རྐེད་པ་ན་བའི་རླུང་གཟེར་དང༌།།བུ་བཙས་རྗེས་ཀྱི་ལྒང་རླུང་གཟེར་བ་འཇོམས།།གདམས་ངག་འདི་ནི་ཡ་མཚན་ཆེ།།
ཉ་དུག་དཀར་པོའི་མཚན་ཉིད་ནི།།ལོ་མ་གཡུ་ཡི་སྤར་ཞག་འདྲ།།མེ་ཏོག་སོ་ཡི་ཏོག་ཐོག་འདྲ།།ཉ་རྣམས་འཚི་དང་བརྒྱལ་བར་ནུས།དེ་ཡི་རྩ་བ་སྐམ་པོ་ཡི།ཕྱེ་མ་ཤིང་མངར་ཕུར་མོར་མྱུ་གུ་རྣམས།།སྦྲང་དང་ལྡེ་གུ་བྱས་ཟོས་ན།།བད་ཀན་ནད་དང་ཆུ་ནད་རྣམས།།སྐྱུག་པར་འགྱུར་བ་མཐེ་ཚོམ་མེད།།
མཆིན་པ་བཅད་འབྱོར་མཚན་ཉིད་ནི།།ཉིན་ལུང་སྲིབ་ཀྱི་སྨད་ན་སྐྱེ།ལོ་མ་གཡུ་ཡི་མེ་ལོང་འདྲ།།མེ་ཏོག་གསེར་གྱི་ཙོང་ཙོང་འདྲ།།རོ་ནི་ཚ་ལ་ཡིད་ཙམ་ལ།།རང་གི་ནུས་པས་རྨ་གསར་འབྱོར།།མཆིན་པའི་ནད་ལ་བདུད་རྩི་འདྲ།།མར་དཀར་དང་སྦྱར་བསྐུས་པ་ན།།རྨ་རྙིང་ཤུ་ལེབ་ཐོར་བ་དང༌།།རྒྱ་སྔོ་་གཡན་པ་མཁལ་རྒྱབ་ལྟད་པ་གསོ།།
ནད་མ་འབྱར་མ་བོད་ཡུལ་དབུས་ན་སྐྱེ།མེ་ཏོག་མཐིང་ཞུན་བེའུ་རྩེ་འདྲ།།འབྲས་བུ་སྤང་ལ་ཡུ་བ་སྟེ།།ལོ་མ་འདབ་མ་འབྱར་ཞིང་འཁྲིགས།།རྨ་ཡི་དེབ་སྨན་རྐྱང་པས་མཆོག།ཁོང་དུ་དྲངས་ན་རྩ་ཆད་འཛིན།།རྩ་གཉན་ཆད་ཅིང་སྐྲག་མི་དགོས།།ཟས་ཀྱང་ངེས་མེད་ཚ་སྐྱུར་བསྲེས།།
ནད་རྨུའི་མཚན་ཉིད་ནི།།ཆུ་ཀླུང་ཆེན་པོའི་འགྲམ་ན་སྐྱེ།།ལོ་མ་གང་ལ་རེག་པ་འཁྲིལ།།འབྲས་བུ་ལུང་ཐང་འབྲུ་གུ་འདྲ།།བྱང་ཁོག་རྨ་རྣམས་གང་ཡང་ནི།།ཁོང་དུ་འཐུང་ན་ཆུ་མི་གནོད།།ཆུ་རྒྱུས་ཆད་ཀྱང་སྦྲེལ་བར་ནུས།།ལྷ་བ་བྲོས་ཀྱང་འགུག་པར་ནུས།།རྨ་ལ་བཏབ་ན་རྨེན་གཅོད་ཤའུ་བསྐྱེད་པར་འགྲོ།འབྲས་བུ་སྦལ་བའི་སྒོ་ང་འདྲ།།གང་ལ་ཉེ་བ་འབྱར་ཞིང་འཁྲིལ།།ལོ་མ་འབྲས་བུ་དང་ལྡན་ལ།།བཏུལ་བའི་ཕྱེ་མ་ཤིང་མངར་དང༌།།ཆུ་རྟ་མོ་དང་སྲུབ་མ་རྣམས།ཁོང་དུ་བཏང་ལ་རྨ་ལ་བཏབ།།ཀླད་པ་རལ་ཡང་སོས་པར་འགྱུར།།རྨ་ཡི་སྐྱོན་དྲུག་འཇོམས་པར་བྱེད།།
བྲག་གའི་①སྡོང་པོ་མདའ་སྨྱུག་འདྲ།།མེ་ཏོག་བསེ་ཡི་རྔ་ཡབ་འདྲ།།རོ་ནི་སྣུམ་ལ་ཡིད་ཙམ་ཁ།།མར་དང་སྦྲང་རྩིའི་ཕྱེ་མ་བཏབ།།བུ་རམ་ཀ་ར་དང་སྦྱར་བས།།ཆུ་རྣམས་བསྲུང་དང་བད་ཀན་བདེ།།མཆིན་དྲི་ནད་དང་ཆུ་ཤོར་སེལ།།
བྱེ་རུག་ལོ་མ་མཐིང་ཤུན་རྔ་ཡབ་འདྲ།།འབྲས་བུ་མུ་མེན་མཆོད་སྡོང་འདྲ།།རོ་ནི་བསྐ་ལ་ཡིད་ཙམ་ཁ།།བོད་ཀྱི་ཞིང་གི་སྲེབ་ན་སྐྱེ།།བཙོས་པའི་ཚོད་མས་བད་ཀན་སེལ།།རྨ་ཁར་བཏབ་ན་ཁྲག་གཅོད་འགྱུར།།སོ་ལ་བཏབ་ན་སྲིན་ནད་སེལ།།
སྣེལ་བུ་ལོ་མ་གཡུ་ཡི་བསིལ་ཡབ་འདྲ།།རྒྱབ་ན་བདུད་རྩིའི་ཟིལ་བ་ཆགས།།རོ་ནི་མངར་ཞིང་ཡིད་ཙམ་ཚ།།ཁོང་དུ་བཏང་ན་ཆུ་མི་འཇིག།རྒས་ཐིག་ཁབ་ལེན་རྡོ་དང་སྦྱར།།ཁོང་དུ་བཏང་ནས་རྨོ་ལ་བཏབ།།རུས་ཆེན་ཆག་པ་ལྕག་མདེལ་འབྱིན།།ཟས་སུ་སྦང་ཟན་ཤ་བའི་ཤ།སྐོམ་ནི་ངེས་མེད་ཆོལ་དུ་བཏང༌།།བདག་མིན་གཞན་ལ་ཡོད་པ་མིན།།
ཆུ་རུག་གཙང་པོའི་འགྲམ་རོང་ནང་ན་སྐྱེ།རྩ་བ་གཡུ་སྦྲུལ་འཁྱིལ་བ་འདྲ།།ལོ་མ་གཡུ་ཡི་ཁབ་རྩེ་འདྲ།།མེ་ཏོག་འབྲས་བུ་གང་ཡང་མེད།།རང་གི་ནུས་པས་ཆུ་རྒྱུས་ཆད་པ་འབྲེལ།།ཧོང་ལེན་བྱ་ཁྱུང་དང་སྦྱར་ན།།ཆུ་མི་འཇིག་དང་སྐོམ་དད་སེལ།།
སྔོ་བྱ་ཁྱུང་གཉན་པོ་རིའི་སྟོད་ལ་སྐྱེ།།ལོ་མ་སྟོང་ཁབ་གཤིབ་པ་འདྲ།།དཀྱུས་ནི་གཡུ་ཡི་རྒྱལ་མཚན་འདྲ།།རོ་ནི་ཁ་ལ་མཁྲིས་བག་ཅན།།རང་གི་ནུས་པས་ཆུ་མི་འཇིག།གྲོགས་དང་སྦྱར་ན་ཚད་ནད་སེལ།།དམ་པའི་གདམས་པ་རིན་པོ་ཆེ།།
སྟར་བུ་གདུག་རྩུབ་ཚེར་མ་ཅན།།འབྲས་བུ་བྱེལ་གྱི་ཕྲུ་གུ་འདྲ།།རོ་ནི་སྐྱུར་ཞིང་ལྕེ་འབིགས་བྱེད།།རང་གི་ནུས་པས་གློ་ནད་སེལ།།མ་ནུ་སེ་རྒོད་སྲོ་ལོ་དང༌།།ཅུ་གང་ཨ་ཀྲོང་སྦྱར་བ་ཡིས།།གློ་གཅོང་ཐམས་ཅད་ཟད་པར་ནུས།།སྟར་བུ་མངར་ལ་སྦྱར་བས་གློ་སྙིང་འབྱིན།།ར་དང་རྐྱང་གི་ཤ་ཡང་ཤིས།།
གཉན་ཐུབ་ལོ་མ་གཡུ་ཡི་ན་བུན་འཁྱིལ་བ་འདྲ།།འདིའི་ཕྱེ་མ་རའི་འོ་མས་སྦྲུས།།སྐྲང་རློན་འཁྲེབ་པ་ཞི་བར་འགྱུར།།ཁྱི་བྲུན་དང་སྦྱར་ལྷོག་པ་ཐུབ།།གག་དང་མཛེར་བ་ཐམས་ཅད་ཐུབ།།དུག་སྦྲུལ་དག་གིས་བཟུང་ཡང་ཐུབ།།
①བྲེ་ག་ཡིན་ནམ་དཔྱད།
སྲེ་མོང་སྟག་ཆུང་སྦྱར་བས་ཕོ་བའི་ཚད་པ་སེལ།།སྡོང་བོ་གཡུ་ཡི་མཆོད་སྡོང་འདྲ།།མེ་ཏོག་གསེར་གདུགས་ཕུབས་པ་འདྲ།།ལོ་མ་མེ་ཏོག་གང་ཡང་རུང༌།།ན་ལེ་ཤམ་དང་སུག་སྨེལ་སྦྱར།།བུ་རམ་དཀར་པོ་ཞོ་སྦྱར་བཙོ།།མཆིན་ཁྲག་ཕོ་བར་ག་བུར་ཟིལ་བདུད་རྩི་ཅན།།ཚད་པ་སྤྱི་ལ་ལྕམ་མདལ་བཏང།།ཡུ་མོ་མདེའུ་འབྱིན་ཁྲོན་བུ་སྦྱར།།གྲང་བ་ཅན་ལ་ཆང་གིས་འཕུལ།།ཚ་བ་ཅན་ལ་ཆུ་གྲང་འཕུལ།།རྔུལ་ནི་ཇི་བཞིན་སྦྱོངས་རྗེས་བྱ།།སྐོམ་དུ་མཛོ་དང་རྟོལ་གྱི་ཞོ།ཟས་ནི་བཅུད་ལ་ཡང་བ་བཏང༌།།རྣ་བ་འོན་ཞིང་རླུང་འཕྱོས་ན།།ཆང་དང་རྒོད་(དགོ)ཤ་བཏང་བར་བྱ།།ནད་མ་སྨིན་པར་དུ་མི་བཏང་ངོ༌།།རྣ་བ་འོན་དང་མིག་རྣམས་འབྱུང༌།།གང་ན་ཆ་མེད་སྨིན་པའི་རྟགས།།ཚ་བ་མུན་ལྟར་འཐིབས་པ་སེལ།།
བྲག་ལ་སྐྱེས་པའི་མཚེ་རྒོད་འདི།།གུར་གུམ་བྲག་ཞུན་པྲི་ཡང་ཀུ།ཀ་ར་དང་སྦྱར་མཚེར་ཚད་སེལ།།ཟས་སུ་གླ་མོ་སྙན་(གཉན)མོའི་ཤ།སྐོམ་དུ་དར་བ་ཆུ་སླ་ཤིང༌།།སྐབས་སུ་བུ་རམ་མར་སྦྱར་བས།།འཐོར་བུའི་རླུང་ཡང་ནོན་པར་བྱེད།།འོམ་བུའི་མེ་ཏོག་བསྲེགས་ཐལ་དང༌།།ཨ་རུ་ར་དང་བོང་ངར་སྦྱར།།ཕྱེ་མ་ཆུ་སྐོལ་ལྕག་གིས་བྲབ།།གྲེ་བ་འགགས་པ་འཇོམས་པར་བྱེད།།རང་གི་ནུས་པས་ལྷོག་པའི་བུག་པ་བྱ།།ཆིག་ཐང་འཐུང་ན་མགོ་ནད་ཐུབ།།རྨ་ལ་བཏབ་ན་འདྲུབ་པར་བྱེད།།བུ་བཙས་རྗེས་ལ་རླུང་ཤོར་ལ།།དུད་པ་ཡིས་ནི་བདུག་པ་ཡིན།།འོ་མ་རྒུན་ཆང་ནང་དུ་བཙོས་བཏང་ན།།མཚེར་བ་ན་བ་དག་ཕན།།ཀླད་པའི་ནད་ལ་ཞུན་ཕྱེས་ཕན།།རྨ་གསར་དུད་པས་བདུགས་ན་ཕན།།ཤུག་པའི་ལོ་མ་བཙོས་པ་དང༌།།མཚེ་དང་འོམ་བུ་བལ་ལུ་དང༌།།འཁན་པ་དཀར་པོའི་ལོ་མ་རྣམས།།ཆང་ངམ་ཆུ་ཡི་ཁ་ཕྲུ་བཏབ།།རྒྱ་ཆེན་ཟངས་ཀྱི་ནང་དུ་བཙོས།།ལུམས་སུ་བྱས་ན་གོས་ཀྱིས་བྱིབས།།རྔུལ་བར་བྱུང་ན་ཕྱིས་པར་བྱས།།རྗེས་ལ་ཐང་དང་བུ་རམ་ཁོང་དུ་བཏང༌།།ནད་རྣམས་བ་སྤུའི་བུ་གར་འདྲེན།།
ཚེ་སྔོ་ཞེས་བྱ་ཏོལ་ལ་ནི་གཡུ་སྡོང་འདྲ།།སུམ་ཅུ་ཏིག་དང་རྩ་པར་པ་ཏ་སྦྱར་བས།།ཆུ་ཡིས་འཕུལ་ཟས་སུ་ནག་འཇམ་སླ་བ་བཏང༌།།རིམས་ནད་ཐམས་ཅད་འཇོམས་པ་ཡིན།།རླུང་སྐྱེས་ཚ་བ་གསུམ་པ་དང༌།།བུར་དཀར་སྦྱར་ལ་ཚོད་ཟིན་བཟའ།།རི་ཐང་མཚམས་ལ་གཟབ་པར་བྱ།།
བདུད་རྩི་བུམ་པ་གཡུ་ཡི་རྒྱལ་མཚན་འདྲ།།རིན་ཆེན་རོ་ཁ་སྲིན་བུ་གསོད་པར་ནུས།།གློ་བའི་ནད་ལ་ཤིང་མངར་དང༌།།སྤང་རྒྱན་དཀར་པོ་སྤེན་ཐལ་དང༌།།ཀ་ར་དང་སྦྱར་གློ་ནད་སེལ།།མར་རྙིང་ལྕུམ་རྩ་བུ་རྡོག་(བུལ་ཏོག)དང༌།།རེང་བུ་བྱས་ན་སྨད་ཀྱི་གྲང་བ་སེལ།།སྟག་པག་མ་དང་སྐྱི་བའི་འབྲུ།།ཕུར་མོང་ལོ་མ་སྤང་སྤོས་དང༌།།ཐང་ཕྲོམ་འབྲས་བུ་སྦྱར་ནས་བཏང༌།།སྲིན་ནད་མ་ལུས་སེལ་བར་བྱེད།།
ཟངས་རྩི་བ་ནི་ཆམ་པ་ལ།།དུད་པས་བདུག་ན་ཕན་པར་བྱེད།།མིང་ནི་ཕུག་(པུ)ཤུད་མིག་སྨན་ཟེར།།སྡོང་བོ་ཟུར་བཞི་སྲེ་ག་ཅན།།མེ་ཏོག་དཀར་པོ་ནམ་མཁར་འཕུར།།དར་དཀར་ཡོལ་བ་འཕྱར་བ་འདྲ།།འབྲས་བུ་མདོག་ནག་ཨ་ཛ་ན།།ཟུར་གསུམ་བྲ་བོ་རྒད་པ་འདྲ།།མིག་ལ་ནད་དང་རྨ་བྱུང་ན།།རྨེན་སྐྱེས་ལིང་ཐོག་ཟུག་གཟེར་ཆེ།།བད་ཀན་སྐྱ་རིབ་གང་ལ་ཡང༌།།མིག་ལ་བཅུག་པས་སེལ་བར་བྱེད།།འདི་ནི་ནོར་བུ་སྙིང་དང་འདྲ།།
ཨ་བ་བདུད་རྩི་བྲག་དཀྱིལ་གཅིག།ས་དང་སྤང་ལ་མི་སྐྱེ་སྟེ།།གཡུ་ཡི་ལན་ཕྲན་གཤིབ་པ་འདྲ།།རོ་ནི་ཡིད་ཙམ་ཁ་བ་དང༌།།མེ་ཏོག་འབྲས་བུ་གང་ཡང་མེད།།མིག་ནད་གསོ་བའི་བདུད་རྩི་ཡིན།།མར་དཀར་དང་སྦྱར་རུས་ཆག་སྦྱོར།།འདི་ནི་ལྷ་ཡི་དབང་བོས་གནང༌།།ཡོན་ཏན་དང་ལྡན་སྦྱར་བ་ཡིན།།
སྤང་སྤོས་ལོ་མ་གཡུ་ཡི་གཤོག་པ་འདྲ།།མེ་ཏོག་དམར་པོ་སེལ་ཐོག་འདྲ།།དྲི་ཞིམ་རང་གིས་གག་ལྷོག་དང༌།།སྲིན་གྱི་ནད་རྣམས་ཐམས་ཅད་ལ།།འཐུང་དང་བྱུགས་ལ་སོས་པར་འགྱུར།།སྲིན་ལ་བདུད་རྩི་འདྲ་བདུག་ན་ཕན།།གཞན་ཡང་གཉན་ནད་ཀུན་ལ་ཤིས།།
ཉེ་དུ་ཤིང་གཡུའི་སྐྱེར་ཤིང་ལ།།ལོ་མ་ལྕགས་ཕྱེ་གཏོར་བ་འདྲ།།འབྲས་བུ་ལྕགས་ཀྱི་འབྲུ་གུ་འདྲ།།རོ་ནི་ཁ་དང་བསྐ་ལ་བཅས།།རང་གི་ནུས་པས་བད་ཀན་ལྷེན་པ་འཇོམས།།རྩ་བ་ལྔ་ཡི་ཁྲོད་དུ་འགྲོ།བུར་དཀར་སྦྲང་དང་གསུམ་སྦྱར་ན།།ཟས་བཅད་ནུས་གསུམ་བསྟན་པ་ཡིན།།བད་ཀན་ལྷེན་ཐབས་ཞི་བརའགྱུར་བ་ཡིན།།
བཅའ་བ་[ལྕ་བ]གཡུ་རྐྱང་བ་འདྲ།།མེ་ཏོག་མཐིང་ཤོག་གདུགས་ཕུབ་འདྲ།།གདུག་རྩུབ་ཚེར་མས་ཐམས་ཅད་བརྒྱན།།རང་གི་ནུས་པས་སྦྲུལ་དུག་གསོད།།རྩ་བ་ལྔ་ཡི་གཙོ་བོ་ཡིན།།ཡོན་ཏན་བརྒྱ་བཤད་གཞན་ཡང་གསལ།།
ལུག་མུར་པ་ནི་མེ་ཏོག་དམར།།སྡོང་བུ་མཁར་ཐབས་དམར་སྐྱ་མདོག།རྩ་བ་གཡུ་ཡི་རྩསའདྲ།།མངར་ལ་བསྐ་བའི་རོ་དང་ལྡན།།རྨ་རྣམས་གསོ་བར་བྱེད་པ་ཡིན།།བད་རླུང་འཐབ་པའི་ནད་རྣམས་ལ།།ལུག་མུར་ཆུ་རྒོད་དག་ལ་སྦྱར།།གྲང་བ་སྐྲན་ཅན་ཞི་བར་འགྱུར།།རྩ་བ་ལྔ་ཡི་འཕྲོད་དུ་འགྲོ།མར་སྦྱར་མི་ཕྱུགས་ཁོག་སྨན་དག་ཏུ་བཟང༌།།ཤ་དུག་གཟེར་ཐབས་རིམས་གཅོང་འཁྲུགས་པ་གློ་ནད་ལ།།རྩ་བ་ཆུ་ལ་བསྐོལ་ལ་རན་པར་བཏང༌།།གནག་རྟའི་ཁོག་སྨན་དུ་ཡང་བཟང༌།།
མེ་ཏོག་བྱ་རྐང་གླང་བོ་སྣ།།ཆང་དང་སྦྱར་ན་ཚ་འཁྲུ་ཆད།།ཆུ་དང་སྦྱར་ན་གྲང་འཁྲུ་ཆད།།འབྲས་དང་སྲན་མའི་ཕྱེ་མ་ཡང༌།།སྐབས་སུ་བབས་ན་བཏང་བར་བྱ།།ཡང་ན་འདི་ཡིས་ཀླད་འཛག་དང་རྨ་རྙིང་གཅོད།།སྦྱོར་ནས་བརྒྱན་ན་མངལ་ནད་སེལ།།
སུམ་ཅུ་ཏིག་གིས་རུས་པའི་ཚད་པ་སེལ།།སྡོང་བོ་བྱུ་རུའི་མཆོད་སྡོང་འདྲ།།སྦྱར་བས་ཀུན་གྱི་གྲོགས་སུ་འགྱུར།།མེ་ཏོག་གསེར་གྱི་ས་ག་འདྲ།།སུམ་ཅུ་ཏིག་དང་སྤེན་མའི་མེ་ཏོག་དང༌།།སྙིང་གི་ཞོ་ཤ་སྙིང་གར་སྦྱར།།།ཀ་ར་བརྒྱད་འགྱུར་རྟ་ལ་སྐྱོན།།གངས་རྙིང་ཆུ་ཡིས་འཕུལ་བར་བྱ།།སྙིང་དང་རུས་ལ་ཞུགས་པའི་ཚད་པ་སེལ།།
ལྕེ་ཤུར་ལྕང་མ་འབྱར་བ་འདྲ།།དེ་ཡི་ཤུན་པ་བཀོག་པ་ནི།།རང་གི་ནུས་པས་རུས་ནད་གསོ།།ཐལ་དཀར་རྡོ་རྗེ་དང་སྦྱར་ན།།རྐང་ལག་ཆག་པའི་ལྷ་བ་སྲོབ།།མུ་ཟི་དང་སྦྱར་རྐང་རུས་བཅད།།འབྲས་བུ་གསུམ་དང་སྦྱར་བ་ན།།རྐང་གི་ཤ་རུས་སྐྱེད་པར་བྱེད།།བཟང་དྲུག་ག་བུར་ཆུར་སྦྱར་ན།།རྐང་གི་ཚད་པ་གཅོད་པར་བྱེད།།གུ་གུལ་རྒྱ་སྤོས་དང་སྦྱར་ན།།སྒོག་པའི་ཆུ་དང་སྦྱར་བ་ནི།།དེས་ནི་རྐང་གི་འབུ་ཡང་གསོ།།རྐང་རིགས་ཆག་ན་གསོ་བ་ཡིན།།རྨ་འབྱོར་ཀླད་རལ་དག་ཏུ་གསོ།ཀ་ར་སྒ་ཏིག་དང་སྦྱར་བུ་ཡང་འབྱིན།།སྦྱོར་བའི་གྲོགས་སུ་ཨ་རེ་བཟང༌།།ཟས་སུ་མར་ཡེར་ཤ་གསར་བྱིན།།ཆུ་ལ་ཕྱོགས་ཙམ་སྐམ་པར་བསྐོལ།།ཆུ་ཡང་གྲུངས་པས་ཆུམི་འཇིག།
ཤེལ་གླང་མ་ཞེས་བྱ་བ་ནི།།སྡོང་བུ་ཟུར་ནི་ལྔ་བ་ཅན།།ལོ་མ་མདངས་ཅན་མེ་ཏོག་སེར།།མེ་ཏོག་ཡང་ཡོད་པ་ཡིན།།ཕྱུགས་ཀྱིས་ཟོས་ན་འཆི་བར་བྱེད།།རློན་པ་བརྡུང་སྟེ་རྨ་ལ་གླན།།ཚད་པའི་ནུས་པ་འཇོམས་པར་ནུས།སྐམ་པོ་ཕྱེ་མ་ཆུ་གྲང་སྦྱར།།བཏང་ན་ཚད་པ་གསར་བ་སེལ།།
ཨ་ཏྲོང་[ཀྲོང]པ་ཞེས་བྱ་བ་ནི།།སྡོང་བོ་ཀླུ་ཤིང་ནག་པོ་འདྲ།།མེ་ཏོག་གསེར་གྱི་ཆོ་ལོ་འདྲ།།བདུད་རྩི་ཟིལ་བ་སྣུམ་གྱིས་བརྒྱན།།བྱང་ཁོག་རྣག་སྐེམ་སྦྱོར་བ་ལ།།འདི་ནི་མེད་ན་འགྲུབ་མི་འགྱུར།ཨ་ཏྲོང་བ་དང་ཅུ་གང་གཉིས། །སྲོ་ལོ་རྒུན་འབྲུམ་ཤིང་མངར་དང༌།།བལ་ལུ་ལོ་མ་སྟར་བུ་དང༌།།བུརདཀར་སྦྱར་ན་གློ་ཚད་སེལ།།གྲོ་ཡི་ཆང་དང་ར་ཤ་བྱིན།།
ལྡུམ་བུ་རེ་རལ་རུས་པའི་ཚད་པ་འདོན།།ཆུ་ལས་སྒྲུང་(གྲུངས)རྟགས་ཁ་ཡོང་དུ།།འབྲས་བུ་གསུམ་དང་སླེ་ཏྲེས་དང༌།།ལི་ག་དུར་གྱི་ཕྱེ་མ་བཏབ།།ཅི་ཙམ་ནུས་པར་བཏུང་བར་བྱ།།ཟསསུ་རྔ་བྲན་གཡུང་དག་དང༌།།མར་གསར་འབྲས་ཀྱི་ཡུང་དག་བྱིན།།
རྒྱ་རྩི་བ་ནི་མ་གཡུ་བུན་གཏོར་བ་འདྲ།།མེ་ཏོག་དུང་གི་ཐུང་ཐུང་འདྲ།།འབྲས་བུ་ལྕགས་ཀྱི་གོང་བུ་འདྲ།།རོ་ནི་ཚད་བསྲུང་དྲི་རྩིབ་ལྡན།།མར་ལ་སྦྱར་ཏེ་བསྐུས་བྱས་ན།།རྨ་འདྲ་རྨེན་སྐྱེས་ཤུ་བ་དང་།།རྒྱ་ཤུ་ཤུ་བ་འབྲས་ནད་འཇོམས།།གག་དང་ཐོར་བ་ཐམས་ཅད་སེལ།།བྱུགས་པའི་ཡོན་ཏན་བསམ་མི་ཁྱབ།།
ལྕུམ་གྱི་ལོ་མ་ཆུ་ཡི་ལོ་མ་འདྲ།།སྡོང་བོ་ཤིན་ཏུཆེ་བ་སྟེ།།རང་གི་ནུས་པས་བཤལ་ཡང་ནུས།།ལྕུམ་དང་སྦྱར་བྱུགས་ན།།ཡན་ལག་རྨས་པའི་སྤག་ན་སྤྲིན་ལྟར་བྱེད་ལ་ཕན།།ལྕུམ་རྩ་དང་ནི་ཐར་ནུ་སྦྱར།།གཟེར་ཐུང་ནད་རྣམས་འབྱིན་པར་བྱེད།།ར་དུག་པ་ཡི་མེ་ཏོག་དང༌།།ཨ་རུ་ར་དང་ལྕུམ་རྩ་དང༌།།རྨ་ལ་བཏབ་ན་འདྲུབ་པར་བྱེད།།མིག་ལ་གྲ་མ་ཟུག་པ་ན།།ཁུ་བབླུད་ན་ཕན་པར་འགྱུར།།སྐྲང་ལ་ལྷོག་པ་ཞུགས་པ་ན།།ལྕུམ་རྩའི་ཐལ་བ་མར་དང་སྦྱར་བ་བྱུགས་ན་ཕན།།གཅིན་སྲི་བ་དང་མཁལ་རྐེད་གྲགས།།ཁོག་ཏུ་བཏང་ན་ཕན་པར་བྱེད།།
སྲོ་ལོ་དཀར་པོའི་རྩ་བ་བརྐོས་བཏུལ་ཏེ།།སྦྱོར་བ་གང་ལྟར་བྱས་ཀྱང་གློ་ནད་སེལ།།བསྐོལ་ཐང་མང་དུ་བྱས་ན་གློ་གཅོང་ཟད་པར་ནུས།།གློ་རྡོལ་བ་ལ་འབྲི་མོག་དང།།སྲོ་ལོ་སྦྱར་ཏེ་ཟོས་ན་ཕན།།
རྩི་དམར་རྐང་གཅིག་ཅེས་བྱ་བ།།ལོ་མ་ཨུཏྤལ་དགྱེས་པ་འདྲ།།རྩ་བ་གཅིག་ལ་ལོ་མ་བརྒྱ།གསེར་ཀྱི་མེ་ཏོག་སྟོང་དང་ལྡན།།བདུད་རྩི་ཟིལ་བ་ཆགས་པ་འདྲ།།དྲི་ཞིམ་རོ་ནི་མཆོག་ཏུ་ཁ།།ཚད་པའི་ནད་ལ་བདུད་རྩི་འདྲ།།ཀུན་གྱི་གྲོགས་སུ་མེད་ཁ་མེད།།རྨ་ལ་ཆེ་བ་སོས་པར་ནུས།།གཞན་ཡང་ཡོན་ཏན་བརྗོད་མི་ལང༌།།ཀ་ར་དང་སྦྱར་སྙིང་ཚད་སེལ།།ཆུ་ལ་སྦྱར་ན་འཁྲུགས་ཚད་སེལ།།ཚད་པའི་སྐྱོན་ལ་བརྡར་ཐོན་ནུས།།སྟག་པའི་མེ་ཏོག་རོ་ནི་སྐམ་ལ་རྣོ།།རྩི་དམར་དང་སྦྱར་བསྐུས་པ་ན།།རྔོ་དང་ཁྱི་རྔོ་ཞི་བར་བྱེད།།ལུག་རུ་མེ་ཏོག་གླང་སྣ་དང་སྦྱར་ན།།ཆང་གི་ནུས་པ་འཇོམས་པར་བྱེད།།ཚད་པའི་ནད་ལ་མི་གནོད་ཅིང༌།།ཆང་ནད་ཆུང་བར་བྱེད་པའོ།།ཕྱེ་མ་ཆང་ངམ་མར་དུ་བསྐོལ།།དེས་ནི་དུག་དང་ཚད་རིམས་འཁྲུ་བ་གཅོད།།སྣ་ཁྲག་ལྷུང་ན་ཕྱེ་མ་སྣར་བླུག་ཆད།།སྙུག་མའི་ལོ་མ་ཧོང་ལེན་དང༌།།ཕྱེ་མ་མེ་ལོང་ནང་དུ་ཞོ་དང་སྦྱར།།རྨ་ལ་བྱུགས་ན་གསོ་སྨན་བྱེད།།སྙུག་མའི་ལོ་མ་ཧོང་ལེན་ཆ་སྙོམ་བྱ།།
ཤུག་པ་ཚེར་མ་ཅན་གྱིས་ནི།།ཆུ་འགགས་རྩ་བཤལ་འབྱིན་པ་ཡིན།།དབྱར་ཤི་དགུན་སོས་ཀ་ཀ་རུ།།རྩ་བ་ལོ་མ་དང་བཅས་པ།།བུ་རམ་གསེར་གྱི་བྱེ་མ་དང༌།།ལྕམ་པ་སྦྱར་བས་གྲེ་བ་དྲེག་ནད་ཐམས་ཅད་དང༌།།ཆུ་ཡི་ནང་དུ་འབྱུང་བར་ངེས།།ཟས་སུ་ཆང་དང་བུར་རྒོད་བཏང༌།།མི་རྟ་ཁྱི་གསུམཉེས་མི་རུང།།གཉན་པའི་དྲེག་ནད་གཡེར་བར་ནུས།།།མི་མིན་ཀླུ་ཡི་དབང་པོས་བཤད།།
དུར་བྱིད་ཐར་ནུ་འདྲ་བ་སྟེ།།རང་གི་ནུས་པས་བཤལ་བར་བྱེད།།དུར་བྱིད་མི་རུས་བཙའ་མ་དང༌།།ར་ཡི་རྐང་མར་སྦྱར་བྱུགས་ན།།ཡན་ལག་རྨ་ཡི་པགས་ནད་བྱེར་ལ་ཕན།།དེ་སྟེང་མི་ཚིལ་གྲོང་བས་དཀྲིས།།ཡང་དུ་བ་མར་དཀར་ཚིག་སྦྱར་ལ་བྱུགས།།ཆུ་བ་ལོ་མ་ཤིན་ཏུ་གཅེས།།རང་གི་ནུས་པས་སད་སེལ།།རྩ་བས་རྨ་ནད་གསོ་བར་བྱེད།།ཆུ་རྩ་དང་ནི་ཡུང་བ་དང༌།།སྐྱེར་བའི་བར་ཤུན་ཞོ་སྦྱར་བྱུག།ཡན་ལག་སེར་པོ་སྐྲངས་པ་སེལ།།མར་དང་སྦྱར་བྱུགས་རྨའི་ཤའུ་གསོ་བར་བྱེད།།
ཡོ་འབོག་ཤིང་ནི་སྡོང་བོ་ཅན།།ལྕང་མ་ཕྲ་མའི་ལོ་མ་འདྲ།།ཡོ་འབོག་གྲུབ་པའི་ཐང་ཆུ་དང།།སྒོ་ངའི་ནང་གི་སེར་པོ་དང༌།།རུས་པའི་སྤྱིན་གྱི་ཡན་ལག་གི།ཚིགས་ནང་རྐང་ལྟར་ཁྲོ་བ་ན།།ཡན་ལག་ཚིགས་ཁ་བསྡམས་པའི་སྨན།།ཕྱིང་བ་ཧར་དོང་དུམ་བུར་བསྡམས།།ཚིགས་མིག་མེ་བཙའ་བྱས།།རས་འཇམ་ཁལ་ཁོལ་མེད་པས་དཀྲིས།།ལུས་པོ་འབོལ་ལྡན་ཁྲི་ལ་བཞག།འགུལ་བསྐྱེད་མི་བྱ་ཁྲོས་ནས་ན།།
ལྷོག་དུག་ནག་པོ་ཞེས་ཀྱང་བྱ།།ཉ་སྨན་པ་ཞེས་བྱས་ཡིན།།འབྲུ་གུ་གོ་སྙོད་འདྲ་བ་ལ།།ལོ་མ་ཆུང་ངུ་སྦུ་བ་ཅན།།རང་གི་ནུས་པས་ཡན་ལག་གི།ཉྭ་རྣམས་སྐྲངས་པ་འདུལ་བར་བྱེད།།འབྲུ་གུ་གླ་རྩི་ཤུ་དག་དང༌།།བ་ལ་ལྡོང་རོས་མུ་ཟི་དང༌།།ཤིང་ཀུན་དང་ནི་སྦྱར་བྱས་ན།།རྨ་ཡི་ཚད་པ་མ་ལུས་དང༌།།རྐང་བ་ལག་པའི་གཉན་ནད་ཀུན།།ལུམས་སུ་བྱས་ན་འདུལ་བར་བྱེད།།སྦྱོར་བའི་གྲོགས་ལྡན་ཀུན་ལ་འགྲོ།དམ་པས་བདག་ལ་གདམས་པ་ཡིན།།
ཆུ་སྤོས་པ་ཞེས་བྱ་བ་ནི།།འདབ་མ་རྐོང་ཆུ་སྦུགས་བག་ཅན།།མེ་ཏོག་སེར་པོ་སྲན་ཆུང་འདྲ།།སྒང་བུ་སྲན་ཆུང་འདྲ་བ་སྟེ།།ནང་ན་འབྲུ་གུ་སེར་པོ་ཅན།།དེ་ནི་ཤིན་ཏུ་བཟང་བ་ཡིན།།ངན་ཤོས་མེ་ཏོག་ནང་ནས་ཀྱང༌།།འབྲས་བུ་ནག་པོ་ཏིལ་འབྲུ་འདྲ།།རང་གི་ནུས་པས་ཆུ་མི་འཇིག།རྨ་ཡི་རྩ་ཁ་འཛིན་པར་བྱེད།།རྨ་རྣམས་ཀུན་ལ་མཆོག་ཏུ་ཕན།།
སྲན་མ་ལ་ནི་དཀར་ནག་གཉིས།།ནག་པོ་སྲན་མའི་མེ་ཏོག་འདྲ་སྟེ་དམར། །དཀར་པོ་མེ་ཏོག་དཀར་པོ་འོང༌།།དངུལ་ཆུ་དང་ནི་མུ་ཏིག་དང༌།།ཟངས་ཀྱི་ཕྱེ་མ་ལྟ་བུའི་ཆུ།།སྲན་མའི་མེ་ཏོག་སྦྱར་བ་ནི།།དུག་ནད་བསྲུང་བའི་མཆོག་ཡིན་ནོ།སྲན་མའི་རྩ་བ་ཧོང་ལེན་དང༌།།ལྕང་མ་སྦྱར་བའི་ཤུན་པ་དང༌།།ཕག་རིལ་བསྲེག་པ་སྲན་མའི་ཐལ་བ་དང༌།།གླ་རྩི་ཆུ་སྦྱར་བས།།གཟེར་ཐུང་ནད་རྣམས་སེལ་བར་བྱེད།།ཐལ་སྨན་ག་བུར་ནག་པོ་ཡིན།།སྲན་མའི་ལོ་མ་བོང་ང་དཀར།།ལྡུམ་བུ་རེ་རལ་དུག་ནད་འཇོམས།།
སྣེའུ་དམར་པོ་རྩ་བ་སྡོང་པོ་དམར།།ལོ་མ་གཏུམ་ལ་འབྲས་བུ་རྒྱས།།དེ་དང་ཨ་ཤོ་ཀ་དྷ་དང༌།།དུད་པ་དང་ནི་གུ་གུལ་ནག།ཆ་མཉམ་བ་ཆུས་འདམ་ཐག་བྱས།།རིལ་བུ་སྲན་མ་ཙམ་རེ་བྱས།།བ་ཆུ་ཕུལ་གང་ནང་དུ་ནི།།རིལ་བུ་བདུན་བརྒྱད་བསྣུར་བ་དང༌།།དགོང་དང་ཐོ་རངས་དུས་སུ་བཏང༌།།བརྗིབས་(འཇིབས)ལ་རྔུལ་ཡང་ཐོན་འདོན་པར་བྱེད།།བཅག་མར་བཏང་བ་ཡིན།།སྨན་ནད་སྲན་ཙམ་འོང་བ་ཡིན།།དེ་ལ་འཇིགས་པ་མི་དགོས་སོ།།རླུང་ཤས་ཆེ་ན་ཐང་ལ་ནི།།ཐུམ་བུ་རེ་རེ་བཏང་བར་བྱ།།རྗེས་ལ་དང་ག་འགགས་པ་ན།།བོང་ང་དཀར་པོ་ཨ་རུ་ར།།བྲག་ཞུན་རིལ་བུ་སྲན་ཙམ་བཏང༌།།དུག་ནད་ཐམས་ཅད་ཐུལ་པར་བྱེད།།
བོང་ང་དམར་པོ་ཞེས་བྱ་བ།།ར་དུག་འདྲ་བའི་མེ་ཏོག་དམར།།ལོ་མ་འཁན་པ་འདྲ་བ་སྟེ།།ཨ་རུ་ར་དང་བྱིས་པའི་ཆུ།།སྦྱར་ནས་བཏང་བས་སྙིང་རླུང་སེལ།།བོང་ང་སུམ་ཆ་ཨ་རུ་ར།།སུམ་གཉིས་སྦྱར་ན་གཟེར་ཐུང་སེལ།།ཐར་ནུ་སུམ་ཆ་ལྕུམ་རྩ།།སུམ་གཉིས་སྦྱར་ན་གཟེར་ནད་སེལ།།
གསང་བ་སྨན་གཅིག་ཅེས་བྱ་བ།།རྩ་བ་ལྕ་བའི་རྩ་བ་འདྲ།།ལོ་མ་བཙོང་གི་རྩ་བ་(ལོ་མ)འདྲ།།འབྲས་བུ་གོ་སྙོད་འབྲས་བུ་འདྲ།།དགུན་གྱི་དུས་སུ་རྩ་བ་བཏུས།།སྤྱང་ཚེར་རྩ་བ་སོར་བཞི་དང༌།།ཆུ་ཕུལ་གསུམ་བསྐོལ་སུམ་ཆ་ལུས།།ཁུ་བ་བཏང་བས་ཚ་བ་སེལ།།
ཟངས་རྩི་དཀར་པོ་ཞེས་བྱ་བ།།འཁན་པ་ལྟ་བུར་དྲི་མ་ཆེ།།འབྲུ་གུ་ལྡན་པའི་འཁན་དམར་འདྲ།།སྲོ་ལོ་དཀར་པོ་བོང་ང་དཀར།།རྒྱལ་མཚན་གངྒྰཆུ་དང་སྦྱར།།དུག་ནད་ཐམས་ཅད་མེད་པར་བྱེད།།དུག་ནད་ཕོ་བར་འདུས་པ་ན།།དན་དྷ་བདུན་ནི་མར་བཙོས་བཏུལ།།དེ་བཏང་དུག་ནད་བཤལ་དུ་འགྲོ།རྒྱ་མཚོ་གསེར་གྱི་བྱེ་མ་དང༌།།རྒྱ་ཚྭ་མཚལ་དང་སྦྱར་ཏེ་བཏང།།དེས་ནི་རྩ་ཡི་བཤལ་དུ་འགྲོ།
ཐང་ཤོ་བ་ཞེས་བྱ་བ་ནི།།ཤོ་མང་ལོ་མ་ཕྲ་ལ་རིང༌།།འབྲས་བུ་ཅན་གྱི་རྩ་བ་འདྲ།།མར་གསར་བུ་ཁྱེའུ་བྱ་ཚན་དང༌།།བུ་ཆུང་འོ་སྐྱུགས་བོང་ང་དཀར།།རུས་པ་མང་པོ་བྱ་འུར་བསྲེག།དེ་ཡི་ཐལ་བ་དཀར་པོ་དང༌།།བཟང་དྲུག་སྦྱར་ནས་བཏང་བ་ན།།དུག་ནད་ཀུན་ལ་ཕན་པར་འགྱུར།།
གཡའ་རྩི་བ་ཞེས་བྱ་བ་ནི།།མེ་ཏོག་འབྲས་བུ་གང་ཡང་མེད།།ལོ་མ་སྡོང་བོ་མང་གྲུབ་སྟེ།།རྩ་ལྟར་སྤང་ལ་སྐྱེས་པ་ཡིན།།དབྱིབས་ནི་ཁ་བཙོང་ལེབ་པ་ལ།།ལོ་མ་སྐྱ་ལ་རོ་ནི་ཁ།།ལྡུམ་བུ་ཤིན་ཏུ་འཇམ་པ་སྟེ།།དེ་དང་བོང་ང་དཀར་པོ་དང༌།།གླ་རྩི་དང་ནི་ཨ་རུ་ར།།སྦྱར་ནས་བཏང་ན་ཚད་པ་སེལ།།ཀ་ར་དག་དང་སྦྱར་ལ་བཏང༌།།
རྡེལ་བ་ཞེས་བྱ་སྦྱར་བ་འདྲ།།མཁྲེགས་ཤིང་མཛེར་བ་མང་བ་སྟེ།།དེ་ཡི་ཤུན་པ་བཤུས་པ་དང༌།།མཁལ་སྲལ་(སྲན)དཀར་པོའི་ལོ་མ་དང༌།།རྩ་དམར་གསུམ་ནི་སྦྱར་བྱས་ཏེ།།ཆུ་གྲང་དག་གིས་འཕུལ་ལ་བཏང།།
འབམ་པོ་ཞེས་ནི་བྱ་བ་ཡང༌།།གོ་སྙོད་འདྲ་བ་སྤང་ལ་སྐྱེས།།སྤོས་དཀར་དང་ནི་གུ་གུལ་དཀར།།རྒྱ་ཚ་ལྕེ་ཡང་འབིགས་པར་བྱེད།།འབམ་པོ་ནི་ཚོད་ཆུང་ཙམ།།སྤོས་དཀར་ལ་ནི་འཚོ་སྡོར་ཙམ།།རྒྱ་ཚྭ་ལ་ནི་ལན་ཚྭ་ཙམ།།ར་དུག་ལ་ནི་ཚོད་ཐལ་ཙམ།།འདིས་ནི་ལྷོག་པ་འཇོམས་་པར་བྱེད།།འབམ་པོ་ད་མ་འི་ཏིག།རྩ་རྐྱང་པ་ལ་བཏབ་པ་ན།།བུ་ཆུང་དང་ནི་རྒན་གོག་ལ།།ཟུངས་ཟད་ནུས་ཤོར་མ་ཡིན་ལ།།དར་མའི་ཚད་པ་འཇོམས་པར་བྱེད།།
མེ་ཏོག་གུར་གུམ་ཞེས་བྱ་བ།།མེ་ཏོག་ལུག་མིག་སེར་པོ་དང༌།།སྤང་སྤོས་ཤུག་པ་ཚེར་མ་ཅན།།ལྡུམ་བུ་རེ་རལ་དེ་བཞི་ནི།།སྲན་མ་ལྔ་ལྔའི་ཚད་དག་ལ།།བཙན་དུག་དང་ནི་རྒྱ་ཚ་གཉིས།།སྲན་མ་རེ་ཙམ་ཚད་དུ་བྱ།།འདི་ནི་ནག་པོ་དྲུག་སྦྱོར་སྟེ།།ལྷོག་པའི་ནད་ལ་ཤིས་པའོ།།རིམས་ནད་ཤ་དུག་རྩི་དུག་དང༌།།ཆུ་དུག་དང་ནི་འཁྲུ་བ་རྣམ་པ་གཉིས།།སྣ་ཁྲག་རླུང་དང་བུ་བཙས་རྗེས་ཁྲག་རླུང་དང༌།།ཁུ་བ་དུག་ལ་བཏང་བར་བྱ།།སྣ་ཁྲག་ལ་སྣའི་ནང་དུ་བླུག།
མ་གལ་ཞེས་བྱ་ལྕང་མ་ནི།།སྡོང་བོ་རིང་ལ་མཛེར་བ་མང༌།།ལོ་མ་སྤྲ་བ་འདྲ་སྟེ་སྐྱ།རིགས་ནི་ལྕང་མའི་རིགས་ཡིན་ནོ།མ་གལ་ཤུག་པ་སེང་ལྡེང་དང༌།།གླ་སྒང་དང་ནི་དོང་ག་དང༌།།འདི་རྣམས་སྦྱར་ནས་བཏང་བ་ན།།འབྲུམ་བུའི་ནད་ནི་སེལ་བར་བྱེད།།
ནག་པོ་ཆིག་ཐུབ་ཅེས་བྱ་བ།།ལོ་མ་ཛི་དུག་པ་དང་འདྲ།།སྤེན་མའི་མེ་ཏོག་འདྲ་བ་ལ།།འཁན་པའི་རྩ་བ་དབྱི་མོང་དང༌།།ཐང་ཕྲོམ་འབྲུ་གུ་ཡུ་མོ་མདེའུ་འབྱིན་སྦྱར།།ཆུ་ངན་དང་སྦྱར་གཉན་ནད་ཐུབ།།
ར་དུག་པ་ཞེས་བྱ་བ་ནི།།མེ་ཏོག་དཀར་པོ་གཉིས་སྦྲག་ཅན།།ར་དུག་པ་ཡི་རྩ་བ་དང༌།།དཔྱིད་ཀ་ཡིན་ན་ཉུང་ངུ་བཏང༌།།དཔྱིད་མིན་ནུས་པ་ཆེ་བ་ཡིན།།ཁྲོན་བུ་ཤུག་པ་ཚེར་མ་ཅན།།དེ་གསུམ་ཆ་མཉམ་ཆུ་གྲང་འཕུལ།།ལྷོག་པ་དང་ནི་གཟེར་ཐུང་འཇོམས།།མཆོག་ཏུ་ལྷོག་པ་དག་ལ་ཤིས།།ཁ་གནོན་དག་ལ་ཧ་བོ་བཏང༌།།རླུང་སྐྱེས་ན་ནི་ཆུ་ཐུག་བཏང༌།།ཡང་ན་པི་པི་ལིང་ཡང་བཏང༌།།ཤུག་པ་མེད་ན་བག་ཕྱེ་དང༌།།བྱིས་པའི་ཆུ་དང་སྨན་སྦྱར་བྱུགས།།ལྷོག་པའི་ནད་ཀུན་བར་བྱེད།།
དྷ་རུ་ར་①བྱ་བ་ནི།།ཐང་ཕྲོམ་ཞེས་ནི་བྱ་བ་ཡིན།།གླ་རྩི་མུ་ཟི་ལྡོང་རོས་དང༌།།ཤུ་དག་ནག་པོ་གུ་གུལ་ནག།ཤིང་ཀུན་རྣམས་ནི་སྦྱར་བྱས་ཏེ།།བྱ་རོག་རྙེད་ན་གོང་མའི་སྟེང་དུ་བསྟེན།།ལྟོར་ནི་ཆུ་གྲང་འཕུལ་ལ་བཏང༌།།ལོ་བརྒྱད་བྱིས་པའི་ཆུ་དང་ནི།།མངར་གསུམ་སྦྱར་ལ་བྱུགས་པར་བྱ།།གསོད་ན་ར་དུག་བསྣན་པར་བྱ།།ལྷོག་པའི་ནད་ལ་འདི་ཉིད་མཆོག།
སྲད་མའི་མེ་ཏོག་ཉ་ག་དང༌།།མེ་ཏོག་སྲན་མའི་མེ་ཏོག་འདྲ།།སྲད་མའི་མེ་ཏོག་དག་དང་ནི།།སྒྲོ་བའི་མེ་ཏོག་དར་ཡ་ཀན།།སེམས་ཅན་དོམ་གྱི་མཁྲིས་པ་དང༌།།དམར་པོ་གསུམ་གྱི་རྟ་ལ་སྐྱོན།།བད་ཀན་སྨུག་པོའི་མཚོ་རལ་བས།།ཁྲག་སྐྱུགས་པ་ཡི་རྩ་བ་ཁ་སྡོམ།།ཁྲག་སྐྱུག་ཆད་པར་ཐེ་ ཚོམ་མེད།། 
① རྙ་དུ་དྲ།
བྲེ་ག་བ་ཞེས་བྱ་བ་ནི།།དེ་ནི་ཤོ་མང་ཞེས་བྱ་སྟེ།།ཤོ་འབོག་རྩ་བ་ཨ་ཀྲོང་པ།།རྩི་དམར་རྐང་གཅིག་ཅུ་གང་པི་པི་ལིང༌།།ཨ་རུ་ར་དང་ལི་ག་དུར།།ཚ་ལ་ཀ་ར་བརྒྱད་འགྱུར་སྦྱར།།གློ་བའི་ལུད་པ་རྣག་ཁྲག་ལ།།དེས་ནི་གཅོད་དང་སྐེམ་པར་བྱེད།།བྲེ་ག་དང་ནི་ལི་ག་དུར།།ཅུ་གང་རྒུན་འབྲུམ་ཀ་ར་སྦྱར།།དེས་ནི་གློ་བའི་རྣག་རྣམས་སྐེམ།།ཤོ་མང་རྩ་བ་བྲེ་ག་བ།།གློ་བའི་ནད་ལ་མཆོག་ཏུ་བསྔགས།།འདི་ནི་ཁྱད་པར་འཕགས་པའོ།།
ཨུག་ཆོས་དཀར་པོ་ཞེས་བྱ་བ།།ལོ་མ་ཨུག་ཆོས་འདྲ་སྟེ་སེར།།སྤང་རྒྱན་དཀར་པོ་ཀྱི་ལྕེ་དཀར།།ལྕང་(སྤྱང)ཚེར་དཀར་པོ་དབྱི་མོང་དཀར།།སྨྱག་ཤད་དཀར་པོ་སྤྲུ་བ་དཀར།།བྲེ་ག་དཀར་པོ་དེ་རྣམས་ལ།།ཞོ་ནི་བདུན་དུ་བྱས་ནས་ནི།།གུ་གུལ་དཀར་པོ་ཞོ་གཅིག་རྣམས།ཞིབ་ཏུ་བཏགས་ལ་དར་ཚགས་བསྟེན།།སྦྲང་སྦྱར་རིལ་བུ་རིལ་མ་ཙམ།།གསུམ་གསུམ་ཁྱེའུ་སུས་དག་ཏུ་བསྟེན།།རུས་མིག་ཚིགས་མིག་ཆུ་སེར་དང༌།།རྐང་མར་མར་ཀུན་ཤ་མདངས་བར།།དེ་ན་ཡོད་པའི་ཆུ་སེར་དང༌།།མཛེ་དང་ཆུ་སེར་དྲེག་གྲུམ་དང༌།།ཆུ་སེར་ནད་ལ་མཆོག་ཏུ་ཕན།།དཀར་དགུའི་བཤལ་ཞེས་བྱ་བའོ།བཤལ་རྗེས་ལོ་ནི་གསུམ་ལ་བསྲུང༌།།
ཚངས་པ་ལྷ་ཡི་མེ་ཏོག་ནི།།ལོ་མ་སྤུ་ཅན་རྩུབ་པ་སྟེ།།མེ་ཏོག་སེར་བོ་ལྡིང་བ་ཡིན།།གློ་བའི་སྨན་ཡིན་འབྱར་བག་ཅན།།དེ་དག་ཤོ་མང་རྩ་བ་དང༌།།སྲོ་ལོ་དཀར་པོ་ཨ་ཀྲོང་བ།།ཤིང་མངར་རྒུན་འབྲུམ་ཅུ་གང་སྦྱར།།པི་པི་ལིང་ནི་མར་བཙོས་དང༌།།གློ་ནད་ཐམས་ཅད་ཀུན་ལ་ཕན།།ཚངས་པ་ལྷ་ཡི་མེ་ཏོག་ཡིན།།
ཤ་བ་རྩི་ཞེས་བྱ་བ་ནི།།སྒོག་པ་བཙོང་དང་འདྲ་བ་སྟེ།།རང་གི་ནུས་པས་མོ་ནད་དང༌།།སྲིན་ནད་འཇོམས་པར་བྱེད་པ་ཡིན།།ཤ་བ་རྩི་དང་སྤང་སྤོས་དང༌།།སྒོག་སྐྱ་དང་ནི་རྟ་ལྤགས་པ།།ཕུར་མོང་ལོ་མ་སྦྱར་ནས་ནི།།འོ་མས་འཕུལ་བས་སྲིན་ནད་སེལ།།
སྲན་མའི་མེ་ཏོག་དམར་པོ་དང༌།།དར་ཡ་ཀན་ནི་སྔོན་པོ་དང༌།།སྤང་པའི་མེ་ཏོག་དོམ་མཁྲིས་དང།།བཙོད་དང་འབྲི་མོག་རྒྱ་སྐག་དང༌།།ཐང་གིས་འཕུལ་ན་མཆིན་ནད་དང༌།།བད་ཀན་སྨུག་པོའི་ཁྲག་སྐྱུག་གཅོད།།སྲན་མའི་མེ་ཏོག་རྒྱ་ཚ་དང༌།།བ་ཤ་ཀ་ཡི་ཐང་གིས་ནི།།བད་ཀན་སྨུག་པོ་འདྲིལ་བ་འཇོམས།།སྲན་མའི་མེ་ཏོག་ཉེ་ཤིང་དང༌།།བུལ་ཏོག་ཆུ་སྐོལ་སྦྱར་བ་ཡིས།།བད་ཀན་སྨུག་པོའི་ཟུག་གཟེར་འཇོམས།།
སྙི་བའི་མེ་ཏོག་ཨུཏྤལ་འདྲ།།རང་གི་ནུས་པ་བསྟན་པ་ནི།།སྣ་ཡིས་དྲི་མི་ཚོར་བ་འབྱེད།།སྙི་བའི་མེ་ཏོག་ཧོང་ལེན་དང༌།།ཧ་ལ་སྙུག་མའི་པགས་པ་རྣམས།།སྦྱར་ཏེ་སྣ་ལ་བྱུགས་པ་ན།།སྣ་
ཡིས་དྲི་ནི་ཚོར་བ་སྟེ།།མགོ་རྨ་ལ་ཡང་བཏབ་པར་བྱ།།
བརྒྱ་ཡི་རྩི་མཆོག་མ་གི་ཏ།།ཕོ་མི་ཚད་ཅེས་བྱ་བ་སྟེ།།བྱ་རྒོད་སྤོས་ཞེས་བྱ་བ་དང༌།།དེ་ཡི་མཚན་ཉིད་བསྟན་པ་ནི།།①སྐེ་ཚེ་ཉུང་མའི་ལོ་མ་འདྲ།།སྡོང་བོ་འབྲས་བུ་ཉུང་ནག་འདྲ།།ཤང་ཚེ་བྲེ་ག་འདྲ་བ་སྟེ།།རང་གི་ནུས་པས་དྲག་པོའི་རྫས།།སྐེ་ཚེ་ཤང་ཚེ་བོང་དུག་པ།།བཙན་དུག་ཐར་ནུ་རེ་ལྕག་པ།།མུ་ཟི་ཏི་ཚ་སྦྱར་བ་འདི།།ལྷོག་པའི་སྐྲངས་རྣམས་འདུལ་བའོ།།མེ་ཏོག་དེ་སྟེང་སྤྱང་ཚེར་བ།།ཟི་ར་སྣག་ཚ་བསྣན་པར་བྱ།།ས་ལྷོག་དེ་སྟེང་མི་ཤ་དང༌།།རྟ་ཤ་དང་ནི་ཁ་ཤ་དང༌།།གཡག་ཤ་སྤྱང་ཀི་སྲེ་མོང་ཕག།སྦྲུལ་དང་རུས་སྦལ་ཚངས་སྦྱར་བྱ།།རླུང་ལྷོག་དེ་ནི་ཕག་ཁྲག་དང༌།།སྦྲང་རྩི་དང་ནི་རྒྱ་བོའི་ཁྲག།ཆུ་ལྷོག་དེ་སྟེང་བྱ་རྒོད་ཚིལ།།བྱ་རོག་མཁྲིས་པ་སྤྱང་ཀིའི་ལྕེ།།སྤྱང་དེའི་ལོ་མ་འཇམ་ལ་ཕྲ།།རོ་ཁ་རྗེས་ནི་བག་ཙམ་ཚ།།ངར་བ་རིང་སྟེ་གྱེན་ལ་སྐྱེ།།མེ་ཏོག་དཀར་འདྲ་སིལ་ལ་ཆུང༌།།འབྲས་བུ་གྲོ་ནས་དང་འདྲ་ཆུང༌།།དེ་སྐྱེ་བ་ཡི་ཡང་དག་ནི།།མདའ་རྒྱང་གང་ན་དྲི་མ་ནི།།གླ་རྩིའི་དྲི་ལྟར་མནམ་པ་ཡིན།།དེ་ཡོད་ས་ན་དུག་མི་སྐྱེ།།སྦྲུལ་གྱི་ཚང་ཡང་བཅའ་མི་རུང༌།།འདི་ནི་དུག་སྨན་གཙོ་བོ་སྟེ།།གངྒྰ་ཆུང་དང་སུམ་ཅུ་ཏིག།ཧོང་བུ་ཧོང་ལེན་ཁུར་ཆུང་དང༌།།ལྡུམ་བུ་རེ་རལ་ཁྲོག་ཆུང་པ།།ཉ་ཕྱིས་སེར་པོ་ཁྲག་རྐང་པ།།བོང་ང་དཀར་པོ་ཀ་ར་སྦྱར།།ཕྱེ་མ་ལྕགས་རྙིང་བསྡུས་པ་ཡི།།ཁུ་བས་འཕུལ་ན་ཤ་དུག་སེལ།།
མེ་ཏོག་ཧ་ལོ་ཞེས་བྱ་བ།།དམར་སྨུག་ལོ་མ་ལྕམ་པ་འདྲ།།དེ་དང་སྨུག་པོ་ཧོང་ལེན་དང༌།།ནི་ལ་ཨཏྤལ་ག་བུར་སྦྱར།།ལྡེ་གུ་སྣ་ལ་བླུག་པ་ན།།འགོ་ནད་བསྲུང་བའི་རྒྱལ་བོ་ཡིན།།འཕྲོད་དུ་གླ་རྩི་གི་ཝང་དང།།སྒོག་པ་ཤིང་ཀུན་གླ་རྩི་སྦྱར།།སྣ་ཡི་བུག་གི་ནང་དུ་བརྔུབ།།
སྟོང་རི་ཟིལ་བ་ཞེས་བྱ་བ།།མེ་ཏོག་དམར་སེར་སྔོ་བ་དང༌།།རྩ་བ་གསེར་གྱི་རོ་མཆོག་ཁ།།འབྲས་བུ་ལྕགས་ཀྱི་སྲན་མ་འདྲ།།དྲི་བཟང་ནུས་པ་ཤིན་ཏུ་ཆེ།།ཚད་ནད་ཐམས་ཅད་འཇོམས་པར་བྱེད།།ལུམས་སུ་བྱས་ན་ཁུ་བ་ནི།།སེར་པོ་རབ་ཏུ་འོང་བ་ཡིན།།གཟེ་མའི་ཐ་ལབ་ཧོང་ལེན་དང༌།།ལུག་རྩི་དོ་བོ་ཞོ་དང་སྦྱར།།ཡང་སྦང་མཁར་སྦྱར་བྱུགས་ན།།སྐྲངས་རྣམས་མ་ལུས་འཇོམསཔའོ།།སྐྲངས་འཇོམས་སྨན་གྱི་རྒྱལ་པོར་བཤད།།
བེ་ཤིང་ལོ་མ་ལེབ་ལ་སྒོར།།ཇ་ཡི་ལོ་མ་འདྲ་བ་ལ།།ཚེར་མ་བག་ཙམ་ཡོད་པ་སྟེ།།འབྲས་བུ་ཛཱ་ཏི་ཕ་ལ་འདྲ།།བེ་ཡི་ལོ་མ་ཤིང་མངར་དང༌།།དབང་པོ་ལག་པ་འདམ་བུ་དང༌།།རེ་རལ་རྒུན་འབྲུམ་ཧོང་ལེན་སྤང་རྩི་དོ་བོ་རྣམས།།ཆུར་སྦང་འཐུང་ན་རྨ་ནད་སེལ།།ཡན་ལག་ཆུ་འཐུང་ཞེས
 
① མ་ཡིག་ཆད་པ་འདྲ་བས་དཔྱད།
② མཚམས་འདི་ནས་གོང་གི་རྒྱ་ཡི་རྩི་མཆོག་མ་གི་ཏ་ཞེས་པའི་མཇུག་ཡིན་པ་འདྲ་དཔྱད།
བྱའོ།།བྲ་མ་དཀར་པོ་རྩ་བ་དང༌།།སེ་རྒོད་མ་ཡི་ལྡམ་བུ་གཉིས།། ལྕགས་སྣ་མི་འདྲ་རིམ་གསུམ་རྣམས།ཆུ་ནི་བྲེ་དྲུག་བསྡུས་པ་ཡི།།ཁུ་བ་ཕུལ་དོ་ནང་དུ་དུ་ནི།།སྐྱེར་བའི་བར་ཤུན་ཁྱོར་གང་བསྡུས།།ཁུ་བ་སྒོ་ང་གང་བཏོན་ཏེ།།ནང་རེ་སྒོ་ང་རེ་ཙམ་བཏང༌།། དུག་ནད་མ་ལུས་སེལ་བར་བྱེད།།བྲ་མའི་རྩ་བ་དུག་ནད་སེལ།།
ཁམ་ཤིང་མཁྲེགས་ལ་ལོ་མ་འདྲ།།མེ་ཏོག་དཀར་པོ་འབྲས་བུ་ཅན།།་ཁམ་བུའི་ཚི་གུའི་མར་དང་ནི།།གཡེར་ཤིང་ལྕང་མ་མྱང་རྩི་སྤྲས།།སྣ་མང་ལོ་མ་སྤྱང་ཀིའི་སྤུ།།ཁ་རུ་ཚ་དང་ཞོ་གཉིས་གཉིས།།གཞན་མ་རྣམས་ལ་ཞོ་རེ་རེ།།བྱ་སྒོང་ཕྱེད་ནི་ཞོ་སྦྱར་བཏང༌།།རྨ་དང་ལྟོ་དང་གཉིས་ཀར་བཏང༌།།ཁ་ནས་རྣག་ཁྲག་འོང་བ་དང༌།།བྱང་ཁོག་རྣག་འོང་རྨ་འཚོ་ནི།།མ་བཏུས་རྐང་ཆག་གྲུམ་ལ།།སྨན་དིས་རབ་ཏུ་ཕན་པ་ཡིན།།
སྦ་ཡི་ཤིང་ནི་ཤིན་ཏུ་གཞོན།།མུ་ལ་གྲུམ་ཤིང་གཞན་ལ་འཁྲིས་ནས་སྐྱེས།།སྦ་ཡི་བར་ཤུན་ནག་མའི་བར་ཤུན་དང་།།སྟག་པའི་བར་ཤུན་བྲ་མའི་རྩ་བ་རྣམས་སྦྱར་ཏེ།།སྐ་སླ་ལུག་ཞོ་ཙམ་དུ་བྱ།།ཚ་སྐྲངས་ལ་ནི་ཞོ་དང་སྦྱར།།གྲང་སྐྲངས་ལ་ནི་རྩ་བ་སྦྱར།།ཤ་ལ་མི་མངོན་བྱུགས་པ་ན།།སྦ་ཡི་ཤིང་གིས་སྐྲངས་འཇོམས་ཡིན།།
ལྕང་ཕྲག་རྒྱ①ལྕང་ལག་པ་ཡི།།རྩ་རྣམས་བུ་གར་འདྲེན་པ་ཡིན།།ལྕང་མའི་མེ་ཏོག་རྒྱ་ཚ་དང༌།།རྡོ་ནེ་གུ་གདར་མུ་ཟི་སེར།།དེ་རྣམས་ཞོ་དང་སྦྱར་ལ་བླུད།།དེས་ནི་སྐྲངས་རྣག་སྐྲངས་འོག་འདྲེན།།རྩ་རྣག་ལྕང་མའི་སྦྱོར་བ་ཡིན།།
ཀྲི་ཤིང་ཡན་དམར་འབྱོར་ཞེས་གསུངས།།དགུན་ཡང་ལོ་མ་མེ་ཏོག་ཡོད།།བོང་ང་དཀར་པོ་གདྒྰ་ཆུང༌།།སྤང་རྒྱན་དཀར་པོ་ཀྱི་ལྕེ་དཀར།།སེ་རྒོད་ལྡུམ་གྱི་བར་ཤུན་དང།།སྐྱེར་བའི་བར་ཤུན་རྩི་བཞིན་བཏགས།།དུག་ནད་མ་ལུས་འཇོམས་པ་ཡིན།།ཀྲོ་ཤིང་སྣེལ་དམར་སྦྱོར་བ་ཅན།།
བེའུ་ཞང་སྟོན་ཞེས་བྱ་བ།།བྲག་ལ་སྐྱེས་པའི་སྔོ་སྨན་ནི།།ལོ་མ་བེའུའི་ཕོང་འདྲ་ཟླུམ།།དེ་དང་བྲག་སྐྱ་ཧ་བོ་དང༌།།བྲག་ཞུན་གུར་གུམ་ཕྱེ་མ་རྣམས།།མཆིན་པའི་ཤ་ལ་བཏབ་ལ་བཏང༌།།ཡང་ན་མཆིན་པ་དེ་དང་སྒྲོས།།སྦས་ན་མཆིན་དེ་སོས་པར་འགྱུར།།བེ་ཞབས་བཅུ་གསུམ་པའི་སྨན་སྦྱོར་ནི།།མཆིན་པའི་ནད་ལ་བདུད་རྩི་འདྲ།།སྐོམ་དུ་བྲག་ཞུན་བུ་རམ་ཆུ།།ཞོ་དར་ཞོ་ཡང་བཏང་བར་བྱ།།
ཙནྡན་དེ་བ་དྷ་རུའི་ཤིང༌།།སྡོང་བོ་ཆུང་ལ་དྲི་ཡང་ཆེ།།ཙནྡན་ཡང་ན་དེ་བ་དྷར།།ཏིག་ཏ་
①མ་ཡིག་ཏུ་དབུ་མེད་ཏ་ལ་ཡ་བཏགས་བྲིས་པ་ཏུ་འདྲ་བས་དཔྱད།
ཡོང་བའི་རྩ་བ་དང༌།།ཧོང་ལེན་པར་ཏའི་ཐང་དང་ནི།།ཞོ་དང་སྦྱར་ལ་སྐྲངས་ལ་བྱུགས།།དེ་ཡིས་ཚ་གྲང་འཇོམས་པ་ཡིན།།ཙནྡན་དེ་བ་དྷ་རུ་ཡིས།།སྐྲངས་འཇོམས་རྨ་ཡི་གདམས་ངག་ཡིན།།
སྔོ་སྨན་རྒྱལ་པོ་ཤ་མོ་ནི།།གསེར་ཤ་བ་ནི་སྤང་ལ་སྐྱེས།།ཤིང་གི་ཤ་མོ་ཤིང་ལ་སྐྱེས།།ལུད་ཀྱི་ཤ་མོ་ལུད་ལ་སྐྱེ།།ལུག་ལུད་སྐྱེས་པའི་ཤ་མོ་དང༌།།པར་པ་ཏ་དང་རྟ་ལྤགས་པ།།གླ་བའི་རིལ་མའི་ཐལ་བ་དང།།མེ་ཏོག་སྔོ་མཚེར་སྦྱར་ནས་ནི།།ཞོ་དང་སྦྱར་ལ་རྨ་ལབྱུ་གས།།ཁོང་དུ་ཡང་ནི་བཏང་བར་བྱ།།རྣག་གིས་ལུས་ནི་མ་རུང་བ།།ལུད་ཀྱི་ཤ་མོ་ཞེས་བྱ་བ།།ལུག་ལུད་ཤ་མོ་སྨན་སྦྱོར་ཡིན།།
བ་ལུ་ནག་པོ་ཞེས་བྱ་བ།།དེ་ཡི་མིང་ནི་སུ་རུ་སྟེ།།མེ་ཏོག་དམར་ལ་ཟླུམ་པ་ཡིན།།རང་གི་ནུས་པ་དྲོ་བ་སྟེ།།སུར་བུའི་ལོ་མ་ཚ་བ་གསུམ།།བ་ལུའི་ལོ་མ་ཆང་དང་སྦྱར།།བཏང་ན་གྲང་བའི་ནད་ལ་ཕན།།མཆོག་ཏུ་ཕོ་བའི་གྲང་བ་སེལ།།
སྐྱེར་བའི་ཤིང་ནི་ཚེར་མ་ཅན།།རང་གི་ནུས་པས་དུག་ནད་སེལ།།གསེར་འདྲ་རི་བོའི་ལྷུན་པོ་དང༌།།ཨུཏྤལ་གནས་པའི་དུམ་བུ་དང༌།།བཙོ་མ་གསེར་གྱི་མེ་ཏོག་དང༌།།གླང་སྣ་སྨུག་པོ་འབར་བ་དང༌།།ཟླ་བ་དྲུག་པའི་ཕྱི་ཤུན་དང༌།།པྲི་ཡང་ཀུ་ཡི་ལྕུག་མ་དང༌།།ཧ་ལའི་མེ་ཏོག་རྨེ་རུ་རྩེ།།སྲུང་ཤིང་མེ་ཏོག་ཅུ་རུ་དང༌།།བུལ་བལ་མར་གང་ལྟབུ་དང༌།།ས་ལ་དྲ་བའི་གྷོ་བ་དང༌།།དེ་དག་སྐྱེར་བའི་བར་ཤུན་དང༌།།སྤང་རྒྱན་གུར་གུམ་སྐྱི་བ་དང༌།།སྐྱུ་རུ་ར་དང་ལུགག་མིག་པ།།ཏིག་ཏ་སེ་(བསེ)ཤིང་གྲོ་མ་དང༌།།པར་པ་ཏ་ཡི་ཚ་བ་རྣམས།།སྡེ་ཚན་བཅུ་གཅིག་ཐང་དུ་བཏང༌།།ཡང་ན་ཐང་སྨན་བྱ་བ་བཏང༌།།ཁྲག་མཁྲིས་རྒྱས་ཚད་མ་ལུས་སེལ།།
ཉུང་མ་འབོག་ཉུང་གངས་ཅན་ནི།།རང་གི་ནུས་པས་འཁྲུ་བ་སེལ།།ཉུང་མའི་མེ་ཏོག་སྦྲང་རྩི་དང༌།།ཁུར་མང་མེ་ཏོག་བུ་རམ་དང༌།།འབྲང་འགོའི་ཁུ་བས་འཕུལ་ལ་བཏང༌།།འཁྲུ་བའི་ནད་ལ་ཕན་པ་སྟེ།།མཆོག་ཏུ་རིམས་ཞུན་འཁྲུ་བ་སེལ།།ཉུང་མ་དུག་ནད་ཐམས་ཅད་བསྲུང་ཞིང་སྦྱོང༌།།ཉུང་མ་(སྤོས)དཀར་ཚ་ལ་དང༌།།སྤང་རྩི་དོ་བོ་ལྕགས་ཕྱེ་དང༌།།གླ་རྩི་རྣམས་ནི་ཁོང་དུ་བཏང༌།།གམ་ཕྱེ་བྱས་ལ་གངས་ཆུས་འཕུལ།།ཤ་དུག་ཐམས་ཅད་ཞི་བ་འོ།།
རུ་ན་རཀྴ་ཞེས་བྱའི་ཤིང༌།།དེ་ཡི་འབྲས་བུ་རཀ་ཆུང་དང༌།།སྟག་མའི་མེ་ཏོག་ནེ་གུ་ཆུང༌།།རྨ་བྱའི་སྤུ་དང་མུ་ཏིག་དང༌།།གོ་སྙོད་རྣམས་ལ་ཚ་ནན་བྱ།།གྲང་ན་ཧོང་ལེན་སྦྱར་བ་ཡིན།།གོང་མ་ལྔ་བོ་མཉམ་པ་སྟེ།།རྨ་ལ་བྱུགས་ན་སྐྲངས་པ་འཇོམས།།རུ་ནི་རཀྴས་སྐྲངས་འཇོམས་ཡིན།།
སྟག་མའི་ཤིང་ནི་མཁྲེགས་པ་ལ།།ལོ་མ་ཝ་ལུང་ནང་ནས་བལ།།མེ་ཏོག་དཀར་དམར་མཛེས་ལ་ལེགས།།སྟག་མའི་མེ་ཏོག་གུར་གུམ་དང༌།།གླ་རྩི་རྒྱ་ཚ་རྣམ་གཉིས་དང༌།།མུ་ཟི་ལེགས་པར་བཏུལ་བ་རྣམས།།རྨ་ཡི་རྩ་ཁ་ཤོར་བ་དང༌།།རླུང་ཞུགས་པ་ལ་ཁོང་དུ་བཏང༌།།པགས་པ་རུལ་དང་མཆིད་པ་ལ།།ཤ་ལ་བྱུགས་ཏེ་སྟེང་ནས་དགབ།།རྣག་གཅོད་སྟག་མའི་མེ་ཏོག་སྦྱོར་བ་ཡིན།།
ལྕང་མ་སྦྱར་བ་ཞེས་བྱ་བ།།སྡོང་བོ་ཆེ་ལ་ལོ་མ་ཆེ།།མེ་ཏོག་བལ་འདྲ་དཀར་བ་ལས།།འབྲས་བུ་ཤིང་རྒན་བྲུམ་པ་ཅན།།ལྕང་མ་སྦྱར་བའི་ཤུན་པ་དང༌།།སྟག་པའི་ཤུན་པ་ཁྲག་གཅོད་རྩ།།རྩ་ཡི་སྐྱོན་གྱིས་སྐྲངས་པ་ལ།།ཞོ་དང་སྦྱར་ནས་བྱུགས་ན་ཕན།།སྐྲངས་པ་ཐམས་ཅད་འཇོམས་པ་སྟེ།།མཁྲིས་རྩ་སྐྲངས་ན་ཞོ་དང་སྦྱར།།རླུང་རྩ་སྐྲངས་ན་བུ་རམ་སྦྱར།།ཁྲག་རྩ་ལ་ནི་ར་ཞོ་སྦྱར།།རྩ་སྐྱོན་སྐྲངས་ན་འཇོམས་པའོ།།ལྕང་མ་སྦྱར་བའི་ཤུན་པ་བཟང༌།།རྩ་སྐྲངས་འཇོམས་པའི་མཆོག་ཡིན་ནོ།།
སྔོ་ཡི་རྒྱལ་པོ་ཤ་ཡི་སྔོ།།ཤིང་གསེབ་ནགས་ཀྱི་མཐལ་ལ་སྐྱེས།།ཤ་མོའི་རིགས་ནི་ཤ་ཡུ་ཅན།།འདྲ་ནི་ནགས་སག་ཤ་ཡུ་འདྲ།།དེ་ནི་བརྙེད་ན་རབ་ཏུ་བཤད།།མ་རྙེད་སྤང་སྐྱེས་གསེར་ཤ་མོ།ཡང་ན་སྤང་ཤ་ལྟོ་དམར་ཏེ།།ནང་ནི་གདུགས་ཀྱིས་ཕུབ་པ་འདྲ།།ཤ་མོ་དེ་དང་ཏིག་ཏ་དང༌།།དམག་(སྨག)དང་ཞོ་བཙོས་ནང་དུ་གདབ།།འཁྲུ་བ་གཅོད་པའི་སྨན་ཡིན་ནོ།ཡང་ན་ཤ་མོ་གང་རྙེད་དང༌།།ལོ་བཙན་མེ་ཏོག་ཐ་རམ་པ།།ཚད་འཁྲུ་ཆུ་དང་སྦྱར་ལ་བཏང༌།།གྲང་འཁྲུ་ཆང་དང་སྦྱར་ལ་བཏང༌།།ཤིང་ནི་ལྷའི་(སྦའི)ལོ་མ་དང༌།།ལྕང་མ་རྒུན་འབྲུམ་ཤིང་མངར་དང༌།།སྟག་མའི་མེ་ཏོག་དག་དང་ནི།།རྡེལ་བུའི་ཤིང་གི་བར་ཤུན་དང༌།།ཤ་བ་གླ་བ་དགོ་བ་དང༌།།ར་ཡི་རུས་པའི་ཐལ་བ་དང༌།།དེ་ཕོའི་ཕྱི་སྡེར་ཐལ་བ་དང༌།།འོ་མ་ཀ་རས་རིལ་བུ་བྱ།།ཆུ་དང་སྦྱར་ལ་ཁོང་དུ་བཏང༌།།རྨ་རྣམས་གསོ་སྟེ་ཆུ་མི་འཇིགས།།སྦ་ཤིང་རྒྱལ་པོ་སྦྱོར་བ་སྟེ།།རྨ་ཡི་བདུད་རྩི་ཡིན་པར་གྲགས།།
ཕོ་རོག་ཉུང་མ་ཞེས་བྱ་བ།།ལོ་མ་ལེབ་ལ་ཉ་ག་མང༌།།ལོ་མའི་རྒྱབ་ནི་སྐྱ་བ་སྟེ།།རྩ་བ་སྡོང་བོ་བཅག་པ་ནག།རྩ་བའི་ལྷག་པ་འདོད་པ་སྟེ།།སྨྱོང་དང་འདྲ་བས་དམ་ལ་འབྱར།།བྱ་རོག་ཉུང་མའི་རྩ་བ་འམ།།ལོ་མའང་རུང་སྟེ་ཤུ་དག་སྦྱར།།དངུལ་ཐལ་དབྱི་མོང་སྲུབ་ཀ་དང།།ལྕེ་ཚའི་མེ་ཏོག་ཟངས་ཐལ་དང༌།།སྦྲང་རྩིས་རིལ་བུ་བྱས་ནས་ནི།།འབྲས་ཀྱི་རྨ་ནད་གསོ་བར་བྱེད།།ཤ་ཡི་རུལ་གཅོད་གཞན་ལ་བསྔགས།།བྱ་རོག་ཉུང་མའི་སྨན་སྦྱོར་གྱི།ཟགས་ནད་འབྲས་ཀྱི་གཉེན་པོ་ཡིན།།
སེ་རྒོད་མ་ཞེས་བྱ་བ་ནི།།སྡོང་བོ་དཀར་ཅན་ཤུན་པ་སྨུག།སེ་རྒོད་མ་དང་བྱ་རྒོད་སྤོས།།སྐྱེར་བའི་བར་ཤུན་བོང་ང་དཀར།།ཉུང་མ་ཁ་སྨུག་ལོ་མ་དང༌།།དཔའ་བོ་དཀར་སེར་བྲག་ཞུན་དང།།ལྡུམ་བུ་རེ་རལ་སྤྲུངས་དང་མཚུངས།།ཕྱེ་མ་ཀ་ར་སྦྱར་བྱས་ནས།།ཁོང་དུ་བཏང་ན་དུག་ནད་སེལ།།སེ་རྒོད་མ་ནི་དུག་སྨོན་ཡིན།།
སྤང་ལ་སྐྱེས་པའི་གསེར་ཤ་མོ།།རང་གི་ནུས་པས་ཤ་དུག་འཇོམས།།གསེར་ཤ་མོ་དེ་དུག་ཡོད་་པས།།དེ་ཡི་ཕྱེད་ཀྱི་བུལ་ཏོག་དང།།བུལ་ཏོག་ཕྱེད་ཀྱི་ཚྭ་དང་ནི།།དེ་གསུམ་ཆུ་གྲང་སྦྱར་ལ་བཏང།།ཤ་དུག་ཀུན་གྱི་སྨན་དུ་བཤད།།
སྟར་ཁའི་ཤིང་ཞེས་བྱ་བ་ནི།།སྡོང་བོ་ཆེ་ལ་ལོ་མ་མཐུག།མེ་ཏོག་དཀར་དམར་མདངས་དང་ལྡན།།འབྲས་བུ་སྟར་ཁ་ཞེས་བྱ་བ།།རང་གི་ནུས་པས་འཁྲུ་བ་སེལ།།སྟར་ཁ་བཅུ་གསུམ་ནང་ཤ་དང༌།།བཏུལ་ལ་སྣོད་ཀྱི་ནང་དུ་བླུག།མེ་ལ་སྲོས་ལ་བཙག་བྱ་སྟེ།།མར་ཁུ་དེ་དང་ཐ་རམ་འབྲུ།།གྲི་རྩེ་དོ་དང་སྦྱར་ལ་བཏང།།དེས་ནི་ཚ་འཁྲུ་སེལ་བར་བྱེད།།འཁྲུ་བའི་སྨན་གཞན་དང་ཡང་སྦྱར།།
རམ་བུ་ཞེས་ནི་བྱ་བ་ཡི།།ལོ་མ་ཆུང་ལ་རྩ་བ་མངར།།མེ་ཏོག་དཀར་པོ་ཁྱི་མཇུག་འདྲ།།འབྲས་བུ་དམར་པོ་རམ་བུ་ཟེར།།རང་གི་ནུས་པས་འཁྲུ་བ་གཅོད།།རམ་ཟན་འབྲས་དང་ད་ཏྲིག་དང༌།།སྨག་དང་སྦྱར་ནས་བཏང་བ་ཡིས།གྲང་འཁྲུ་ཆང་དང་སྦྱར་ལ་བཏང།།ཚད་འཁྲུ་ཆུ་གྲང་དག་གིས་འཕུལ།།སྙོམས་ལ་ནའོ་སྲིས་མ་བཟང༌།།
ཁུ་བྱུག་ལྕ་བ་ཞེས་བྱ་བ།།ལོ་མ་ན་ལྗང་འདྲ་སྟེ་རིང༌།།མེ་ཏོག་དམར་སྨུག་གསལ་བ་ཡིན།།ཁ་ནི་ཐུར་ལ་བལྟ་བ་ཡིན།།རང་གི་ནུས་པས་ཆགས་པ་ཆུང༌།།བུད་མེད་ཆགས་པ་ཆེ་བ་ལ།།སྨན་འདིས་ཆགས་པ་ཆུང་བར་ནུས།།ད་བྱིད་ཤ་དང་རྩངས་པའི་ཤ།རྒྱ་མཆིལ་ཤ་དང་མར་དང་ནི།།བུ་རམ་སྨན་མར་བཏང་བྱས་ན།།ལུས་ཤེད་ཆེ་ལ་ཆགས་པ་ཆུང༌།།
གཡེར་མ་འབྲས་བུ་ཁ་གསུམ་གསང༌།།སྦང་མཁར་ཞོ་དང་དུད་པ་ནང༌།།བྱེའུ་མཆིལ་བའི་བྲུན་དང་ནི།།གཡེར་མ་སྦྱར་བའི་ལུམས་བྱས་ན།།འབྲས་ཀྱི་ནད་ལ་ཕན་པར་འགྱུར།།གཡེར་མ་ཤིང་མངར་རྒུན་འབྲུམ་དང།།སྟར་བུ་སྦྱར་ན་གློ་ནད་སེལ།།གཡེར་མ་དང་ནི་པི་པི་ལིང༌།།སྟར་བུས་སྐད་འགགས་ནད་རྣམས་སེལ།།གཡེར་མ་རང་གི་ནུས་པ་སྐད་ཡང་བདེ།།པི་པི་ལིང་ནི་རྡོག་མ་བདུན།།མར་ཁུའི་ནང་དུ་བཙོས་པ་དང༌།།གཡེར་མ་དང་ནི་སྲོ་ལོ་དཀར།།ངད་ཡལ་ཁ་ཚར་བཏབ་འཐུང་ན།།གྲེ་བ་འགགས་པ་སེལ་བར་བྱེད།།གཡེར་མ་ཆུའམ་ཆང་ལ་བསྐོལ།།བཏང་ན་གྲང་འཁྲུ་གཅོད་པར་བྱེད།།རྣ་བར་ཤིག་སོང་ཚྭ་ཆུར་སྦང་ཁུ་བཏང༌།།གཡེར་མ་ཆུ་ལ་བགྲུངས་པ་ཡི།།ཁུ་བ་ཆག་པ་ལ་ཡང་ཕན།།དུད་པས་བདུག་ཀྱང་ཕན་པར་འགྱུར།།དུག་ཡོད་ཁྱིམ་དུ་འགྲོ་བ་ན།།གཡེར་མ་མུར་ན་མི་ཚུགས་སོ།།
ཚེར་སྐྱ་མ་ཞེས་བྱ་བ་ནི།།ལོ་མ་ཚེར་མ་འདབ་ཅན་སྔ།འབྲསབུ་ལ་ཕུག་འབྲས་བུ་འདྲ།།རང་གི་ནུས་པས་སྲིན་ནད་འཇོམས།།ཚེར་སྐྱ་མ་ཡི་འབྲུ་གུ་དང༌།།ཕུར་མོའི་ལོ་མ་ལང་ཐང་རྩེ།།
སྤང་སྤོས་དང་ནི་རྟ་ལྤགས་པ།།སྒོག་སྐྱ་བུ་རམ་རིལ་བུ་སྦྱར་བཏང་ན།།སྲིན་ནད་འཇོམས་པར་བྱེད་པ་ཡིན།།མར་དང་སྦྱར་ནས་བྱུག་པ་ན།།ལུས་ཀྱི་དྲེག་ཆགས་ཆུང་བར་འགྱུར།།
ཆུ་ལ་སྐྱེས་པའི་ཆུ་བལ་མོ།།སྔོན་པོ་བལ་དང་འདྲ་བ་སྟེ།།རང་གི་ནུས་པས་བསྐམ་རྩ་ཡིན།།དུད་པ་སྲན་མ་བསྲེག་པ་འདྲ།།གྲེས་མ་བསྲེགཔའི་ཐལ་བ་དང།།ཞོ་དང་མར་ནག་སྦྱར
བ་ཡིས།།རྨ་དང་སྐྲངས་རྣམས་འཇོམས་པར་བྱེད།།གྲེས་མའི་རྩ་བ་ཚུ་བལ་མོ།།འདམ་བུ་ཀ་ར་སྦྱར་བ་ཡིས།།མེས་ཚིག་པ་ཡི་རྨ་ཡང་གསོ།།
གླ་སྒང་ཤིང་གི་ལོ་མ་ལ།།རྩི་དམར་ཧོང་ལེན་རྒྱ་སྤོས་པ།།དར་ཡ་ཀན་ནི་དམར་པོ་ལ།།
བོང་ང་དཀར་པོ་ཀྱི་ལྕེ་དཀར།།ཡུ་མོ་མདེའུ་འབྱིན་ཕྱེ་མ་རྣམས།།ཆང་ངམ་ཆུ་གྲང་རྟ་ལ་སྐྱོན།།འཁྲུགས་རིམས་ལྷོག་པའི་གཟེར་ལ་སོགས།།ཚད་པའི་ནད་རྣམས་ཀུན་ལ་ཕན།།
ཁུ་བྱུག་ཤིང་ཞེས་བྱ་བ་ནི།།ཆུ་ཆུང་པ་ཞེས་བྱ་བར་གྲགས།།ཆུ་བ་འདྲ་བར་དུམ་དང་བཅས།ཀླུ་ལྡེམ་ཞེས་ཀྱང་བྱ་བར་གྲགས།།དེ་དང་བོང་ང་དཀར་པོ་དང༌།།སེ་རྒོད་བར་ཤུན་སྒ་ཆུང་བ།།སྐྱེར་དཀར་བར་ཤུན་ཕྱེ་མ་ཆུ་གྲང་རྟ་ལ་སྐྱོན།།དུག་ནད་རིམས་ནད་འཇོམས་པར་བྱེད།།ཆུ་ཆུང་རྩ་བ་ཀ་ར་རྣམས།།བྱ་རོག་ནོར་བུ་ནུ་ཞོ་དང༌།།བྱིའུ་ཆུང་རྐང་མར་སྦྱར་སཡིས།།རྨ་ཡི་ཤ་འུ་བསྐྱེད་ཅིང་གསོ།།
ཁྲོག་ཆུང་ཞེས་བྱའི་ལོ་མ་ནི།།ཉག་ག་ཅན་དུ་སྐྱེས་པ་ཡིན།།མིང་ནི་ཁྲོག་ཆུང་ཁྲག་གཅོད་པ།།དེ་དང་སྤྲུ་བའི་ལོ་མ་དང༌།།ཉམ་ལྗང་ཁུ་བ་དོམ་མཁྲིས་སོགས།།མཁྲིས་པ་རྙེད་ཚད་སྦྱར་བྱས་ནས།།ཁོང་དུ་བཏང་ན་ཁྲག་རྣམས་གཅོད།།ཁྲོག་ཆུང་བ་དང་གངྒྰ་ཆུང༌།།མཚལ་དང་དོམམཁྲིས་ཀ་ར་དང༌།།དེ་གུ་ལམ་རྒྱག་སིནྡྷུ་ར།།བུད་མེད་ཁྱེའུའི་ཞོ་སྦྱར་ལ།།རྨ་ཡི་ཤ་འུ་གསོ་བར་བྱེད།།ཁྲོག་ཆུང་པ་ཞེས་བྱ་བ་འདི།།ཁྲག་གཅོད་སྨན་གྱི་རྩ་བ་ཡིན།།
སྣུ་མ་ཆུང་བ་ཞེས་བྱ་བ།།སྲིབ་ཀྱི་སྣུ་མཆིག་འཕྲེང་①ནི།།ལོ་མ་ཆུ་བ་འདྲ་ལ་ཆུང༌།།ལྡུམ་བུ་ཆུ་བ་འདྲ་བ་ལ།།རང་གི་ནུས་པ་རྨ་ཡི་ཆུ་སྨན་ཡིན།།སྣུ་མ་ཆིག་འཕྲེང་རྩ་བ་དང༌།།བདུད་རྩི་སྤང་རྩི་དོ་བོ་སྣམས།།གུར་གུམ་བོང་ང་དཀར་པོ་དང།།ཁྱི་ལྕེ་དཀར་པོ་ཅུ་གང་རྣམས།དོམ་མཁྲིས་དང་ནི་ག་བུར་དང༌།།ནམ་མཁའི་མེ་ཏོག་སྤང་རྩི་སྦྱར།།མགོ་ཡི་སྨན་ལ་མཆོག་ཏུ
①སྐབས་འགར་ཆིག་འགྲེང་ཞེས་ཆིག་སྐྱེས་གྱེན་དུ་འགྲེང་བ་ལ་འདོད་པ་དེ་དང་གཅིག་གམ་དཔྱད།
བསྔགས།།རྨ་གཞན་དག་གི་སྨན་ཡང་ཡིན།།
ཕུ་ནི་དུ་རུ་ཞེས་བྱ་བ།།སྡོང་བོ་ཟུར་བཞི་ཚིགས་པ་ཅན།།མེ་ཏོག་སྔོན་པོ་དྲི་ངད་ལྡན།།རང་གི་ནུས་པས་བགེགས་རྣམས་འཇོམས།།ཕུ་ནི་དུ་རུའི་མེ་ཏོག་དང༌།།དོམ་མཁྲིས་ཡོལ་བ་ས་ཏི་དང༌།།ནམ་མཁའི་མེ་ཏོག་ཨ་བ་དང༌།།ཨ་བྷི་ཥ་དང་གུར་གུམ་དང༌།།སྦྲང་རྩི་ནུ་ཞོ་སྦྱར་བ་ཡིས།།རྨ་རྣམས་ཐམས་ཅད་དེས་གསོ་འོ།
ཟར་མ་ཁྲེམ་ལ་ལོ་མ་དར།།མེ་ཏོག་མཐིང་ག་མདངས་དང་ལྡན།།ཟར་མའི་འབྲུ་གུ་ཕུལ་དོ་བརྔོས།།བྲག་བཙོང་སྲང་གཅིག་བཏུལ་ཏེ་བརྡུང༌།།སོ་མའི་འབྲས་བུ་ཕུལ་དོ་དང༌།།ཁ་རུ་ཚ་ནི་སྲང་གཅིག་དང༌།།སྒོ་ང་རྣམས་ནི་ཞིབ་བཏགས་ནས།།འབྲི་ཡི་འོ་མས་སྦྲུས་ནས་ནི།།མཚོགས་མ་མ་གཏོགས་མགོ་ལ་བྱུགས།།དེ་སྟེང་དར་འཇམ་བཅིང་ནས་ནི།།ཞག་གསུམ་བར་དུ་བཞག་པར་བྱ།།ཀླད་ནད་ལྟག་པར་ན་བ་དང༌།།རླུང་ཞུགས་ཀླད་པ་དྲེགས་ཅན་དང༌།།ཀླད་ནད་རྙིང་བ་གསོ་བར་བྱེད།།བདུད་རྩི་ཟར་མའི་སྨན་སྦྱོར་ཡིན།།
ཤིང་མངར་སྡོང་བོ་ལྡེམ་པ་ལ།།མེ་ཏོག་སྔོན་པོ་རབ་ཏུ་ཆུང༌།།རྩ་བ་སེར་པོ་རོ་ཡང་མངར།།རང་གི་ནུས་པས་གློ་ནད་སེལ།།སྲོ་ལོ་དཀར་པོ་རུ་ཏྲ་དང༌།།རྒུན་འབྲུམ་དང་ནི་སྟར་བུ་དང༌།།འབྲི་མོགབར་ཤུག་སྦྱར་བྱས་ནས།།ཀ་རའམ་སྦྲང་རྩིའི་རྟ་ལ་བསྐྱོན།།གློ་ནད་མ་ལུས་སེལ་བར་བྱེད།།ཤིང་མངར་རྒྱལ་མོའི་སྦྱོར་བ་འདི།།གྲོགས་ལ་ནུས་པ་བསམ་མི་ཁྱབ།།
མ་ནུ་རྩ་བ་དཀར་པོ་མཁྲེགས།།ལོ་མ་རི་ཤོ་མ་དང་འདྲ།།མ་ནུ་ཀནྡ་ཀ་རི་དང༌།།བཅའ་སྒའི་ཐང་གིས་བད་ཀན་སེལ།།མ་ནུ་སླེ་ཏྲེས་ཐང་གིས་ནི།།རླུང་དང་ལྡན་པའི་བད་ཀན་སེལ།།མ་མུ་ལྕ་སྒའི་ཐང་གིས་ནི།།བད་ཀན་གྲང་བ་སེལ་བར་བྱེད།།མ་ནུ་ལྕ་སྒ་གོ་སྙོད་རྣམས།།ཐང་བྱས་བུ་རམ་དང་སྦྱར་ནས།།འཐུང་བས་གྲང་བ་འཇོམས་པར་བྱེད།།མ་ནུའི་ཆིག་ཐང་བད་ཀནོ༌།།
ཀཎྡ་ཀ་རི་སེ་བ་ལྡུམ་བུ་འདྲ།།འབྲས་བུ་དམར་པོ་མངར་དང་ལྡན།།འབྲས་བུ་ཟོས་ན་ཆམ་པའི་ནད་ལ་ཕན།།སླེ་ཏྲེས་ཀནྡ་ཀ་རི་དང༌།།ལྕ་སྒ་མ་ནུ་བསྐོལ་བ་ཡི།།ཁུ་བས་བད་ཀན་དབུགས་མི་བདེ་བ་དང༌།།ཡི་ག་འཆུས་དང་རྩིབ་ལོགས་གཟེམ།དུ་བ་ལས་བྱུང་རིམས་ལ་བསྔགས།།གོང་མ་རྣམས་ཀྱི་སྟེང་དུ་ནི།།ཏིག་ཏ་བསྐོལ་ནས་བཏུང་བ་ན།།ཡི་ག་རིམས་རྒྱས་མ་ལུས་སེལ་བར་བྱེད།།ཀཎྡ་ཀ་རི་ལྕ་སྒ་དང།།སླེ་ཏྲེས་བསྐོལ་བའི་ཁུ་བ་ལ།།པི་པི་ལིང་གི་ཕྱེ་མ་གདབ།།རིམས་ཀྱིས་ཡི་ག་འཆུས་པ་དང༌།།ལུད་པ་དབུགས་མི་བདེ་བ་གཟེར།མེ་དྲོད་ཉམས་དང་ཆམ་པ་མས།།
བྱིའུ་ཚེར་མ་ནི་མདངས་དང་ལྡན།།བོང་ང་དཀར་པོ་གླ་སྒང་དང༌།།ཨ་རུ་ར་དང་བཅའ་སྒ་བསྐོལ།།ནུ་ཞོ་སྦྱང་བྱེད་པའི་ནང༌།།ནད་རྣམས་ཀུན་སེལ་འབྲུད་པར་བྱ།།བྱི་ཚེར་འབྲས་བུ་སོ་ཀུན་འབྱར།།ནང་གི་འབྲས་བུ་ཚེར་མའི་མདོག་དང་འདྲ།།
བྱི་བཟུང་བ་ཞེས་བྱ་བ་སྟེ།།གཟེར་མ་སྲུ་མའི་རྩ་བ་འདྲ།།དོང་ཁ་ཨ་རུ་ར་ཀ་ར་དང་བསྐོལ།།སྦྲང་རྩི་བཅས་བླུད་མཆིན་དྲི་དང༌།།ཚ་བའི་ནད་ཀྱིས་གཅིན་ཡགས་སེལ།།
ཡུངས་ཀར་འབྲས་བུ་སྒོང་ལ་སེར།།མེ་ཏོག་སེར་པོ་སྒང་བུ་ཅན།།རང་གི་ནུས་པས་ཤ་མདངས་ལེགས།།ཡུངས་ཀར་སྲོ་ཤུ་དག་དང༌།།རྒྱམ་ཚ་བཏབ་པའི་ལྡེ་གུ་ཡིས།།གདོང་བཀྲུས་ཟླ་བའི་འོད་བཞིན་འགྱུར།སྤང་དཀར་རྒྱལ་པོའི་སྨན་ཞེས་བྱ།།
ལ་ཕུག་ལོ་མ་ཡུ་བ་ཅན།།མེ་ཏོག་དཀར་ལ་རྩ་བ་དཀར།།རྩ་བ་ཤིན་ཏུ་རོ་དང་ལྡན།།རང་གི་ནུས་པས་མ་ཞུའི་ནད།།འཇོམས་པར་བྱེད་པ་ཁྱད་པར་འཕགས།།ལ་ཕུག་བརྡུངས་པའི་ཁུ་བ་ནི།།བཙིར་ནས་རྣ་བའི་ནང་དུ་བླུག།མགོ་ཡི་ནད་རྣམས་སེལ་བར་བྱེད།།ལ་ཕུག་སྐམ་པའི་ཕྱེ་མ་ནི།།ཆུ་སྐོལ་འཕུལ་བས་མ་ཞུ་འཇོམས།།ལ་ཕུག་རློན་པ་ལ་ཤད་ཀྱིས།།བདར་ནས་ཚོད་མ་བྱས་པ་ན།།མ་ཞུ་བ་ནི་སེལ་བའོ། །ལ་ཕུག་ཁུ་བས་རྣ་བའི་ནད་རྣམས་སེལ།།ལ་ཕུག་མཁར་དུ་བསྐོལ་བྱས་ནས།།རྣ་བའི་ནང་དུ་བླུག་ན་ནད་རྣམས་སེལ།།
ཨུག་ཆོས་དམར་པོ་ས་དྲིའམ།།སྤང་ལ་སྐྱེ་བར་བྱེད་པ་ཡི།།མེ་ཏོག་དམར་ལ་ལོ་མ་ནི།།ཁྲད་པོ་ཉག་ག་ཅན་དུ་སྐྱེ།མེ་ཏོག་ནང་ན་རྡོ་རྗེ་རྒྱས།།རང་གི་ནུས་པས་རླུང་འཁྱིམས་འབྱིན།།གླང་ཐབས་རླུང་ནི་གྱེན་ལོག་ན།།བུལ་ཏོག་དང་སྦྱར་ཞབས་སུ་གཞུག།ཨུག་ཆོས་མེ་ཏོག་རྩ་བ་འམ།།རྐང་རྩ་བ་ཡི་རུས་རྩེའམ།།དེ་དང་བུལ་ཏོག་ཆུར་བསྐོལ་བླུད།།
སྤྱང་ཚེར་ནག་པོ་ཞེས་བྱ་བ།།ལོ་མ་ཉག་ག་ཚེར་ཅན་སྤུ།།སྡོང་བོ་རིང་ལ་ལྡེམ་པ་སྟེ།།མེ་ཏོག་རྟ་ཡི་དོམ་དོམ་འདྲ།།རང་གི་ནུས་པ་རྨ་ཡི་སྨན།།སྤྱང་ཚེར་བ་དང་རི་ཤོ་དང༌།།སྤང་སྤོས་འདམ་བུ་རིལ་ཅན་བ།།བལ་བུ་མཚེ་དང་ཤུག་པ་དང༌།།ཀྱི་ལྕེ་སྲུབ་ཀ་འབམ་པོ་དང༌།།ཕུར་མོ་ཤུག་པའི་སྲིན་ཁྱེར་དང།།ཨ་བོ་ཀ་དྷ་①ཤ་ཆེན་རྣམས།།ལུམས་བྱས་འབྲས་ནི་ཕྱིས་མི་ལྡང༌།།འབྲས་ཀྱི་ཕྱི་རྗེས་བཅད་པ་ཡིན།།
ཕ་བ་གོ་གོ་ཞེས་བྱ་བ།།དཀར་པོ་དངུལ་གྱི་ལྕི་བ་འདྲ།།ནང་ནས་དུད་པ་ལྟ་བུ་འཐུལ།།རང་གི་ནུས་པ་ཁྲག་གཅོད་སྨན།།ཐ་གོལ་གལ་ཉེ་ལོ་མ་དང༌།།ཉ་མཁྲིས་དོམ་མཁྲིས་མི་མཁྲིས་རྣམས།།མ་བསྲེགས་པ་ཡི་ཐལ་བ་ཞེས།།དྲང་སྲོང་མངོན་ཤེས་ཅན་གྱིས་གསུངས།།ཆུ་དང་སྦྱར་
① ཨ་ཤོ་གརྙ་ཞེས་པ་དེ་ཡིན་ནམ་དཔྱད།
ལ་ལྟོ་ལ་བཏང།།རྩ་ཡི་ཁྲག་རྣམས་གཅོད་པར་བྱེད།།སྤྲ་ཚིལ་དང་སྦྱར་རིལ་བུ་བྱས།།ཁྲག་འཛག་རྨ་ལ་གླན་པ་ན།།རྨ་ཡི་ཁྲག་རྣམས་གཅོད་པར་བྱེད།།
མེ་ཏོག་ལུག་མིག་ཅེས་བྱ་བ།།འབྲས་བུ་སེར་ཐལ་མཐིང་གའི་མདོག།སྡོང་བོ་ཅེ་རེ་སྐྱེ་བ་སྟེ།།རང་གི་ནུས་པས་འབྲས་ཀྱི་སྨན།།མེ་ཏོག་ལུག་མིག་སྲུབ་མ་དང༌།།དབྱི་མོང་རྣམས་དང་ཤུ་དག་དང༌།།རུ་ཏྲ་སྦྱར་ནས་རྨ་ལ་བྱུག།འབྲས་དང་རྨ་འབྲས་དྲུངས་ནས་འབྱིན།།མེ་ཏོག་ལུག་མིག་ཐ་རམས་པ།།བྱ་རོག་ནོར་བུ་ཀ་ར་མཚལ།།རྨ་ལ་བྱུགས་ན་ཤ་འུ་གསོ།མེ་ཏོག་ལུག་མིག་སིནྡྷུ་ར།།དོམ་མཁྲིས་ཀ་ར་སྦྱར་བ་ཡིས།།རྨ་རྣམས་འབྱོར་བར་བྱེད་པ་ཡིན།།
སྲན་ཆུང་ཞེས་བྱ་སྲད་ཆུང་འདྲ།།མེ་ཏོག་པདྨ་འདྲ་སྟེ་ཆུང།།འབྲུ་གུ་གྲོ་བོ་སྲན་མ་འདྲ།།རང་གི་ནུས་པ་བསིལ་བ་སྟེ།།ཚད་པའི་ནད་ལ་ཕན་པར་བཤད།།སྲན་ཆུང་རྐྱང་པའི་ཚོད་མ་འམ།།ཟན་དུ་བྱས་ན་དང་ག་འབྱེད།།སྲུབ་བཅས་བྱས་པའི་ཚོད་མ་འམ།།སྲན་ཆུང་ཟན་གྱིས་དང་ག་འབྱེད།།དང་ག་དབྱེ་བའི་སྨན་ཡིན་ནོ།།
སེ་བའི་ཤིང་ཞེས་བྱ་བ་ནི།།སྡོང་བོ་མཉེན་ལ་རྐང་བུ་ཅན།།མེ་ཏོག་དཀར་ལ་འབྲས་བུ་དམར།།རང་བཞིན་ནུས་པས་རིམས་ལ་ཕན།།སེ་བའི་འབྲས་བུ་དམར་པོ་དང༌།།བྲོ་བོ་དང་ནི་སྲན་མ་དང༌།།གུར་གུམ་སྦྱར་བསྐོལ་ཁུ་བ་བཏང་བ་ན།།ཚོས་པས་ཚིག་པ་སོས་པ་དང༌།།རིམས་ནད་ཐམས་ཅད་ཀུན་ལ་ཕན།།
གྲོ་མ་ཞེས་བྱ་ལོ་མ་སྐྱ།།མེ་ཏོག་ཁ་དོག་སེར་བ་སྟེ།།རྩ་བ་རྡོག་པོ་ཀུན་གྱིས་ཟ།།རང་གི་ནུས་པ་བསིལ་བ་སྟེ།།སྟོན་ཀའི་གྲོ་མ་བཟང་བོ་དང༌།།བུ་རམ་དང་ནི་བྲ་བོ་དང༌།།བསྲེས་ནས་བཏགས་ཏེ་ཟན་དྲོན་བྱས།།ཟོས་ན་ཚད་པས་འཁྲུ་བ་གཅོད།།སྐོམ་དུ་སྐྱི་བའི་འབྲུ་གུས་དབྱེ།།སིང་བོ་རྩེ་ཆག་གང་བར་བཏང༌།།ག་གར་བའི་རྩ་བ་ཆུ་སྐོལ་བཏང༌།།ནས་གསར་བྲ་བོའི་ཟན་དུགས་བྱ།།ཚད་པས་འཁྲུ་བ་སེལ་བར་བྱེད།།ཡང་ན་གྲོ་མ་སྐམ་པོ་དང༌།།མོན་བུ་སྐམ་པོའི་ཕྱེ་མ་རྣམས།།ཟས་དྲོན་ཟོས་ན་འཁྲུ་བ་ཆད།།སྒོག་སྐྱ་འོ་མར་བསྐོལ་ནས་ནི།།སྐོམ་དུ་བཏང་བར་བྱ་བའོ།ཚད་ནད་སེར་སྐྱ་འཁྲུ་བ་གཅོད།།ཚད་འཁྲུ་གཅོད་པར་བྱེད་པ་ཡིན།།
རྒྱ་ཁུར་མང་དཀར་ཞེས་བྱ་ནི།།རྩ་བ་རམ་པ་འདྲ་སྟེ་མངར།།ལོ་མ་ཁུར་མང་རིགས་སུ་སྐྱེ།།མེ་ཏོག་སེར་པོ་མདངས་དང་ལྡན།།རང་གི་ནུས་པ་ཚད་པའི་སྨན།།རྒྱ་ཁུར་ཝ་ཁུར་ཞེས་ཀྱང་བྱ།།ཁུར་མང་པ་དང་སྦྱར་བ་ཡིས།།ཚོད་མ་བྱས་ན་ཚད་ནད་སེལ།།ཝ་ཁུར་བོང་ང་དཀར་པོ་དང༌།།སྲེ་མོང་རྩི་དང་རྒུ་དྲུས་དང༌།།ཀ་ར་མཚལ་དཀར་སྦྱར་བ་ཡིས།།རྨ་ཡི་ནང་དུ་བཏབ་པ་ན།།མོ་རྣམས་ཀུན་གྱི་གསོ་སྨན་ཡིན།།
མེ་ཏོག་བསིང་མ་ན་ལ་སྐྱེས།།མེ་ཏོག་དམར་པོས་ན་མདོག་བསྒྱུར།།རང་གི་ནུས་པས་མགོ་རྨ་གསོ།།བསིང་མའི་མེ་ཏོག་སྟག་ཤ་བ།།རྟ་ཀོ་བ་དང་བོང་ང་དཀར།།བྲུ་གུ་གསེར་ཐིག་པ་ཏོ་ལ།།སྤང་རྩི་དོ་བོ་འདི་རྣམས་ཡིན།།ཁ་ཚར་རུ་ཏྲ་ཤུ་དག་དངར།།མགོ་ཡི་རྨ་ནད་གསོ་བར་བྱེད།།བསིང་མའི་མེ་ཏོག་དོམ་མཁྲིས་དང༌།།རུ་ཏྲ་དང་ནི་སྦྱར་བ་ཡིས།།རྨེན་རྣམས་གཅོད་ཅིང་འདྲུག་པར་བྱེད།།
ཤུ་དག་ཆུ་ཡི་ནང་ན་སྐྱེས།།ལོ་མ་སྣད་མས་མར་དང་རིལ་བུ་བྱས།།ཡང་ན་ཆུ་ལ་བསྐོལ་བའམ།།སྦང་མ་ཁུ་བ་བཏབ་ན་ཕན།།མཆོག་ཏུ་གློ་བའི་ནད་ལ་ཕན།།མངལ་དུག་ཕོག་གམ་ཤ་མ་ཐོགས།།དེ་ཡི་རྩ་བ་སྲང་གཉིས་ཙམ།།ཆུ་ཕུལ་དོ་ལ་བཞི་ཆས་འགྱུར།།ཤ་མ་ཐོན་ན་མར་ན་བདུག།ཡང་ན་ཕྱེ་མ་ཕོ་ཚུམ་དོ།།ཆུ་ལ་ཐུན་གཉིས་ཐུན་གསུམ་གཏོང༌།།
བྲ་མ་ཞེས་བྱ་ཚེར་མའི་རིགས།།མེ་ཏོག་སྲན་མའི་རིགས་སུ་འདྲ།།འབྲས་བུ་སྒང་བུ་ཅུང་ཙམ་སྣང༌།།བྲ་མའི་མེ་ཏོག་རང་ནུས་ཀྱིས།།འབྲས་ཀྱི་སྟོང་འཁྲེབས་ཚ་བ་སེལ།།བྲ་མའི་མེ་ཏོག་ཟངས་རྩི་བ།།མེ་ཏོག་ལུག་མིག་པ་དང་ནི།།ཤུག་པ་སྲིན་ཁྱེར་ལོ་མ་དང༌།།ཕུར་མོང་རྐང་གཅིག་ལོ་མ་ཡིས།།འབྲས་ཀྱི་རིགས་ནི་གང་ཡིན་ཀྱང༌།།འབྲས་ཀྱི་སྟོང་ཁྲེབ་ཚ་བ་སེལ།།དྲང་སྲོང་མངོན་ཤེས་ཅན་གྱི་གསུངས།།
ཀུ་ཤུ་ཞེས་བྱ་ཁམ་བུ་འདྲ།།འབྲས་བུ་ཤུན་པ་རྩེ་ཀུ་རྣམས།།གཅིག་ཏུ་ཟོས་ན་མངར་བ་སྟེ།།རང་གི་ནུས་པས་སྙིང་ནད་སེལ།།རྒྱུ་མ་འཁྲོག་ཅིང་ན་སྟེ་འཁྲུ།།དེ་ལ་ས་ལ་ཁུང་བུ་བརྐོ།ནང་དུ་མེ་བཞག་སྟེང་དུ་བསྡད།།དེ་ཡི་ནང་དུ་ཀོ་ཤུན་དང༌།།བལ་བུ་སྲུབ་མ་གསུམ་བཙོས་ལ།།ཁ་ནི་རས་བ་སང་སིང་བཅད།།དེ་སྟེང་ནད་པའི་འཕོངས་ནས་བདུག།འཁྲུ་དང་རྒྱུ་མ་ན་བ༌སེལ།།
བྲ་བོ་ཞེས་བྱའི་ལོ་མ་དང༌།།སྡོང་བོ་ཡོད་པ་རྡོ་རྗེ་འདྲ།།རང་གི་ནུས་པས་རྒྱུ་ནད་སེལ།།རྒྱུ་མ་འཁྲོག་ཅིང་ན་བ་ལ།།གང་དུ་ན་བའི་སྟེང་དུ་ནི།།བྲོ་བོ་ཚ་བོར་བརྔོས་པ་ཡི།།བྲ་བོའི་ཟན་གྱིས་བདུག་བྱས་ན།།རྒྱུ་མ་འཁྲོག་ཅིང་ན་བ་སེལ།།བྲ་ཟན་ཁུར་མང་ཚོད་མར་བཅས།།བྱིན་ན་ཚད་པའི་ནད་ལ་ཕན།།
སྟག་སྡེར་ཞེས་བྱས་ཀླད་ནད་སེལ།།ཕྱེ་མ་སྣ་བུག་ནང་དུ་བླུག།རླུང་བཟུང་རྣ་བ་བལ་གྱིས་བཙང༌།།གཡའ་ཞིང་ཆུ་སེར་བྱུང་ན་ཕན།།རྗེས་ལ་མར་ཁུའི་ཐིགས་པ་འགའ།།བལ་ཉེའུ་དག་གིས་བཏིག་པར་བྱ།།མིག་ནད་ལིང་ཐོག་ཚགས་པོ་དང༌།།དབྲི་གཡོན་སྔོན་པོ་དམར་པོ་ལ།།ལོ་མ་བཙིར་བའི་ཁུ་བ་འམ།།རྩ་བ་ཆུ་ལ་བདར་བ་ཡི།།ཁུ་བ་མིག་ཏུ་བླུག་ན་ཕན།།སོ་ཡི་སྲིན་ལ་སོ་བར་དུ།།བཞག་ལ་སོ་ཡིས་བཟུང་ན་ཕན།།ཁ་སྐམ་ལྕེ་དང་སོ་ནད་ལ།།སྟག་སྡེར་སྐྱེར་བའི་བར་ཤུན་མུར་ན་ཕན།།སྣ་ནད་ཤུ་བ་དག་ལ་བསྐུས་ན་ཕན།།མི་ཡི་སྐྲ་དང་རྟ་ཡི་རྔོག་མ་དང༌།།①
ཨ་བྷི་ཥ་ཞེས་བྱ་བ་ནི།།སྡོང་བོ་ལོ་མ་ར་མཉེ་འདྲ།།ཕོ་རིགས་མེ་ཏོ་གསེར་བོ་དང།།མོ་རིགས་མེ་ཏོག་དམར་སེར་དང། །།ཁ་ནི་ཐུར་ལ་བལྟ་བ་ཡིན།།འབྲས་བུ་ཨ་རུ་ར་ཡི་ནི།སྙིང་བོ་འདྲ་སྟེ་གསུམ་ཅན་འོང༌།།རྩ་བ་སྒོག་གཅིག་མ་དང་འདྲ།།དབྱིལ་ཞོས་འདྲ་སྟེ་སྤང་ལ་སྐྱེས།།རང་གི་ནུས་པས་མགོ་རྨ་གསོ།།ཆུ་རྩ་དང་ནི་དོམ་མཁྲིསདང༌།།བྱ་རོག་ནོར་བུ་སྦལ་རྒྱབ་སྦྱར།།མགོ་ཡི་རྨ་ལ་ཡང་ཡང་གདབ།།ཡང་ན་དེ་གསུམ་སྟེང་དུ་ནི།།ཤ་གྲམ་བྲེད་བུ་རྩི་ཡང་བསྣན།།སྐྱི་བྱེར་སྒོང་ངའི་སེར་བོ་དང༌།།ཞོ་དང་ཚ་ལ་བག་ཕྱེས་མནན།།ལྡེ་གུ་རྨ་ལ་སྤྱི་བྱུགས་ན།།སྐྱི་བྱེར་སེལ་ཞིང་ཕྱིར་མི་འབྱེར།རྩ་ཆད་འབྲེ་གུ་རྩི་དང་ནི།།བུད་མེད་པདྨ་ར་ཀྟས་མནན།།ཡང་ན་སྦྱོར་བ་ལུགས་གཅིག་ལ།།ཨ་བྱག་ཤེལ་ཏ་སྤྱི་ཞུར་གསུམ།།ལུག་རྩི་དོ་བོ་ལྕེ་ཚ་བ།།རུ་རྟ་མེ་ཏོག་གུར་གུམ་དང༌།།སྦྲང་རྩི་སྦྱར་བའི་རིལ་བུ་བྱ།།མགོ་ཡི་རྨ་རྣམས་གསོ་བར་བྱེད།།ཨ་བྱག་མགོ་སྨན་རྒྱལ་པོ་ཡིན།།འདི་ལ་སྦྱོར་སྡེ་དུ་མ་འབྱུང༌།།ཨ་བྷི་ཥ་དང་དོམ་མཁྲིས་དང༌།།ཆུ་རྩ་རྐང་གཅིག་རྣམས་དང་གསུམ།།ཆ་མཉམ་མགོ་ལ་བཏབ་ན་ཕན།།མགོ་རྨ་དག་ལ་མཆོག་ཏུ་བཟང།ཤའུ་གསོ་ན་རྒུན་འབྲུམ་དགོས།རྩ་ཆད་སྒོ་ངའི་སེར་བོ་བསྣན།།རུས་པ་ཆག་ན་སྤྱི་ཞུར་བསྣན།།ཀླད་པ་བུད་ན་མུ་ཏིག་བསྣན།།འདི་ནི་གསང་བའི་སྨན་གཅིག་ཡིན།།
དབང་པོ་ལག་པའི་རོ་ནི་མངར།།ནེའུ་དང་ཆུ་འགྲམ་སྐྱེ་བའི་རྒྱ་སྐག་ཁ།།མེ་ཏོག་བྲེ་བོ་སྐམ་ལ་སྐྱེ་བ་ཡིན།།རྩ་བ་མི་ཡི་ལག་པ་འདྲ།།སོར་མོ་གསུམ་བཞི་ལྔ་བ་ཡོད།།དེ་ཡི་རྩ་བའི་ཕྱེ་མ་འོ་མ་དང༌།།སྦྱར་ཏེ་བསྐོལ་བ་ཕུལ་གང་ལུས་ལ་བཏང༌།།ཡང་ན་འོ་མ་བྲེ་ཕྱེད་དུ།།དབང་ལག་བྲེ་ཕྱེད་བཏབ་ལ་བསྐོལ།།བགྲུང་ཞིང་བསྡུས་པ་ཞོ་དང་འདྲ།།ནུར་ནུར་གྱུར་ན་རན་པ་སྟེ།།ནང་རེ་བཟའ་ཐེངས་གསུམ་གསུམ་བཟའ།།གློ་དང་མཁལ་རྐེད་ན་བ་དང༌།།ཆུ་འགགས་པ་དང་རླུང་ནད་དང༌།།མཁལ་ནད་གཏིང་ནས་འབྱིན་པར་ནུས།།རྒས་དཀའ་དབུགས་བདེ་ཤ་མདོག་དཀར།།སེམས་གསལ་རྩ་ནི་གཞོན་ནུར་འགྱུར།།ཡང་ན་མར་དང་བུ་རམ་དང༌།།སྦྲང་རྩི་སྨན་མར་དག་ལ་སྦྱར།ཕན་ཡོན་གོང་མ་དག་དང་འདྲ།།དབང་བོ་ཕྱེ་མ་མིག་ཏུ་བླུག།ཁ་བས་འཆིད་དང་ཚག་པ་དང༌།།ལིང་ཐོག་མིག་ནད་ཀུན་ལ་ཕན།།ལུས་པོ་སྐམ་ན་མར་དང་སྦྱར།།ཟོས་ན་ཚོན་པོར་འགྱུར་བར་ངེས།།འོ་མ་ཕུལ་ནི་རེ་རེ་ལ།།དབང་ལག་ཕོ་ཚུམས་རེ་བཏབ་ནས།།ནང་རེ་འཐུང་ན་
①འདིའི་མཚམས་སུ་མ་ཡིག་ཆད་པ་འདྲ་བས་དཔྱད།
② མིག་ཁ་བས་འཕྱིད་པའི་དོན།
ཚོན་པོར་འགྱུར།།ཟླ་མཚན་འཛག་ལ་བཏབ་ན་ཆོད།།རྗེས་ལ་འབྲས་ཐུག་ཁུ་བ་བཏང༌།།མེས་ཚིག་པ་ལ་མར་དང་བསྐུས་ན་ཕན།།ལུས་ལ་འབྲས་དང་འབྲུམ་པ་དང༌།།སྐྲང་པ་རྣམས་ལ་བསྐུས་ན་ཕན།།གྲེ་བའི་ནད་དང་བརྣངས་བ་ལ།།ཟོས་པ་ཙམ་གྱིས་སོས་པར་བྱེད།།རླུང་ནད་ཙམ་ལ་བུ་རམ་དང༌།།སྦྱར་ནས་བཏང་ན་ཕན་པར་འགྱུར།།འཁྲུས་པ་ཡུན་རིང་མཆིན་ནད་དང།།ཁྲག་དང་རྣག་ཏུ་འཁྲུ་བ་དང།།།ཕྱི་ས་འགགས་དང་སྐྱིགས་བུ་མང༌།།འདི་རྣམས་ལ་ནི་རྒྱུན་དུ་ཡང༌།།གྲོ་ཆང་གྲོན་མོར་བཏབ་ན་ཕན།།
རྒྱ་བ་སྨུག་པོ་རོ་ནི་ཚ་ཞིང་ཁ།།རང་བཞིན་དྲོད་ལ་རྨ་ནི་མྱུར་དུ་གསོ།།སོ་ལ་སྲིན་ཞུགས་གྲང་བས་འཁྲུ་བ་དང།།སྦོས་རྔུལ་བྱེད་དང་དྲོད་ཆུང་དང༌།།ཟས་མི་འཇུ་དང་ཕོ་བའི་སྲིན་ནད་དང།།བུ་བཙས་རྗེས་ལ་རླུང་ཤོར་རྣམས་ལ་ཕན།།ངར་ཐུག་དག་ལ་བཏབ་པ་ནི།།རླུང་ཁམས་ཅན་གྱིས་བཟའ་བར་བྱ།།
ཨ་ཀྲོང་བ་ནི་གྲང་དྲོ་སྙོམས།།བད་ཀན་ལུ་སྐྱུག་སྦོས་པ་དང༌།།མ་ཞུ་བ་དང་ཁོང་བ་ཡི།།སྐྲན་ནད་ཀུན་ལ་ཕན་པ་ཡིན།།ཆུ་དྲོན་ནང་དུ་ཐུར་མགོ་རེ།།ནང་རེ་རྒྱུན་དུ་སྨན་དེ་བཏང༌།།གྲང་ནད་མི་ལྡང་ཁ་ཟས་འཇུ།ཉམས་སྟོབས་རྒྱས་ཤིང་འདྲེ་གནོད་ཐུབ།།རྨོངས་པའི་ནད་རིགས་ཀུན་ལ་ཕན།།
གཡེར་མ་དྲོད་ནི་ཚ་ལ་རྩུབ།།རླུང་ནད་མཁལ་རྐེད་གྲང་བ་དང༌།།དྲོད་ཆུང་ཕོ་བའི་ཟས་མི་འཇུ།སྦོས་རྔུལ་ཕོ་མཆིན་གྲང་ནད་འཁྲུ།གཡེར་ཆེན་ཕུལ་གསུམ་ཆུ་ཕུལ་དོ།།བསྡུས་པས་ཕུལ་གང་ལུས་ལ་བཏབ།།
བཅའ་སྒ་རོ་ནི་མངར་ལ་ཚ།དུག་ཅན་མདའ་ཡིས་ཕོག་པ་ན།།རྨ་ཁར་བཏབ་ན་ཕན་པར་བྱེད།།ཁ་བས་མི་འཕྱིད་པ་ལ་ཡང༌།།ཁུ་བ་བླུད་ན་ཕན་པར་བྱེད།།ཆུ་འགགས་པ་ཡང་ཕྱིར་ལ་འདྲེན།།
དྲེད་མའི་མེ་ཏོག་མ་རུལ་བ།།གྲིབ་སྐམ་བྱས་ལ་ཞིབ་ཏུ་བཏགས།།དར་ཚགས་ཆུང་ལ་སྦྲང་རྩིར་བསྡུ།།སྦྲང་རྩི་མེད་ན་ཆང་ལ་བྱས།།རིལ་བུ་སྲན་ཙམ་གསུམ་གསུམ་བཏང༌།།རྒྱུན་སྨན་བཞིན་དུ་ནང་བར་བཏང༌།།མཁལ་རྐེད་ནད་དང་རོ་སྨད་ཀྱི།།ནད་རྣམས་འཁྲུ་བར་འགྱུར་ཏེ་ཕན།།
ར་མཉེ་རོ་མངར་ཡིད་ཙམ་ཁ།།ཆུ་དང་འོ་མ་མར་དུ་བསྐོལ།།ཞུ་དུས་མར་ལུས་ར་མཉེ་ཕྱེ།།ཕྱེ་མ་ཁྱོར་གང༌།སྦྲང་རྩི་སྲང་གང་སྒ་སྲང་ཕྱེད།།བཏང་བས་རྒྱུན་སྨན་དག་ཏུ་བཏང༌།།གློ་བའི་ནད་རྣམས་ཀུན་ལ་ཕན།།
མི་ཕྱུགས་ཤ་མ་ཐོན་པ་ལ།།དགོ་བ་འི་རིལ་མ་གྲི་རྩེ་གང༌།།ཆུ་ལ་བཏབ་བཏང་བར་བྱ།།དུད་པ་ཡིས་ཀྱང་བདུག་པར་བྱ།།
ཤ་རུས་ཕྱིའི་དྲེག་པ་བོར་ལ།།བར་གྱི་དཀར་བཞར་བ་སྟེ།།སླ་ངར་བརྔོས་ལ་སེར་ཙམ་བྱས།།ཞིབ་ཏུ་བཏགས་པ་ཚུམ་གཅིག།མར་སྲང་གཅིག་བཞུས་སྦྱར་ལ་བཏང༌།།ཁྲག་ཏུ་འཁྲུ་དང་སྐྱ་བོར་འཁྲུ་ལ་ཕན།།
ཤ་རུས་ཕྱེ་མ་ཕོ་ཚུམ་གང༌།།ཆང་ལ་སྦྱར་ནས་བཏང་གྱུར་ན།།མི་ཕྱུགས་ཤ་མ་ས་ལ་འབྱིན་པར་བྱེད།།ཤ་རུའི་ཕྱེ་མ་རྒྱུན་ཏུ་བཏང་གྱུར་ན།།རླུང་དང་མཁལ་རྐེད་ན་བ་དང༌།།དྲོད་བསྐྱེད་ཁ་ཟས་འཇུ་བར་བྱེད།།ཁྲོན་བུ་རྐྱང་གི་རྐང་མར་སྦྱར་ལ་བསྐོལ།།ཆུ་ཡང་སྨན་ལ་ཐིམ་པར་བཙོ།།ཨ་རུ་པི་པི་ལིང་དང་གླ་རྩི་སྦྱར།།ཚ་བ་ཅན་ལ་ཆུ་ཡིས་བསིལ།།གྲང་བ་ཅན་ལ་ཆང་གིས་འཕུལ།།འདུ་བ་རྣམ་བཞི་འཁྲུགས་པ་སེལ།།རྗེས་དང་སྔོན་འགྲོ་སླ་བ་ཡིན།།མིང་ནི་བདུད་རྩི་ཟར་བུའི་སྦྱོང༌།།
བྱ་ཁྲ་པད་ཀྱི་རྩ་བ་ནི།།ར་ཡི་འོ་མའི་ནང་དུ་བསྐོལ།།བུ་རམ་བཅའ་སྒ་ཨ་རུ་དང༌།།རྒྱམ་ཚ་གླ་རྩི་སྦྱར་བ་ཡིས།།ཕོ་བའི་མ་ཞུ་བད་ཀན་དང༌།།སྐྲན་དང་ལྕགས་དྲེག་རྙིང་བ་རྣམས།།སྦྱོང་བ་འདི་ཡིས་འཁྲུ་བར་འགྱུར།།རྗེས་ལ་ཉེས་མེད་ཐུག་པ་བཏང༌།།
བདུད་རྩི་བྲག་ཞུན་རོ་ནི་ཁ།།སྲང་ཕྱེད་ཁྱོར་གང་ཆང་ལ་བགྲུངས།།ཁུ་བ་ཟ་མ་གསུམ་ལ་བཏང༌།།མཁལ་ནད་དག་ལ་ཕན་པར་བཤད།།གྲགས་དང་སྲང་ལོ་ལྐོག་ནད་ལ།།བྲག་ཞུན་ཆུ་ལ་བརྡར་བ་ཡི།།ལྡེ་གུ་བསྐུས་ན་ཕན་པར་བྱེད།།བུ་ཚ་ཁོང་དུ་ཤི་ནས་ལུས་པ་ལ།།བྲག་ཞུན་སྲང་ཕྱེད་ཆུ་དང་སྦྱར།།བཏང་ན་བུ་རོ་འབྱུང་བར་འགྱུར།།ཚ་བས་ན་བ་སྐྲངས་ཀྱི་ནན་རྩིར་བཟང༌།།ཆུ་འགགས་པ་ལ་བཏང་ན་ཕན།།
ཞེས་གསུངས་པས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་འདུ་བ་རྣམ་བཞིའི་ནད་ལས་ཐར་གྱུར་ཅིག།མངྒ་ལཾ།།
                                  (ཤ་བོ་འབྲུག་མོ།)
 
བསམ་གཞིགས།
༡གཞུང་འདིར་སྒྲོལ་མ་སྔོ་འབུམ་དུ་མ་བསྟན་པའི་སྨན་ཨེ་ཡོད།
༢གཞུང་འདི་ལ་བསྡོམས་པས་སྨན་སྦྱོར་ཅི་ཙམ་ཡོད།
༣རོ་ནུས་ཞུ་རྗེས་ཀྱི་སྟོན་ཚུལ་མི་འདྲ་བ་ཨེ་ཡོད།
༤གཞུང་འདིར་བསྡོམས་སྨན་སྣ་ཅི་ཙམ་བསྟན་ཡོད།
༥ཤེལ་ཕྲེང་སོགས་གཞུང་གཞན་དུ་མ་བསྟན་པའི་སྨན་འདིར་བསྟན་ཡོད་དམ།
༦སྐབས་ལ་ལར་རོ་ནི་དྲོ་ཞིང་འཇམ་ལ་རླན་ཞེས་པ་ལྟ་བུ་འབྱུང་བ་དེ་ཇི་ལྟར་ཡིན།
༧འདི་དང་གཞུང་གཞན་བསྡུར་ན་སྨན་མིང་གི་ཡི་གེ་འབྲི་ཚུལ་མི་འདྲ་བ་ཡོད་དམ།

Leave a Reply

Be the First to Comment!

Notify of
avatar
wpDiscuz