ལེའུ་བཅུ་གཅིག་པ།རོ་དྲུག་སྨན་གྱི་སྡེབས་སྦྱོར་གསལ་བར་འགྲེལ་བ་དྲང་སྲོང་ཞལ་ལུང་བ་ཀུ་ལའི་འདབ་ཕྲེང༌།

image_pdfimage_print

དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད།
 
གླེང་གཞི།
 
༄༅།།ན་མོ་སུ་ན་ཏ་བྷྱ་ཥ་ཛྱེེ་སསྟ་གུ་ར་ཝེ།།ཚོགས་གཉིས་ཆུ་ཡི་གཏེར་ཆེན་ལས་ཐོན་པའི།མཚན་དཔེའི་ཆ་ཤས་ཡོངས་སུ་གང་བའི་དཔལ།།ཐུགས་རྗེའི་བསིལ་འོད་འགྲོ་ལ་རྟག་འཆར་བའི།།སྨན་རྒྱལ་འགྲོ་བའི་གདུང་སེལ་ཟླ་བ་རྒྱལ།།མཁྱེན་རྩེའི་ཁྱོན་མཐལ་འདས་པའི་ནོར་འཛིན་ནས།རྗེས་འཛིན་འདབ་བརྒྱ་བཞད་པའི་ས་ལེ་སྦྲམ།།བཀའ་གླེགས་གེ་སར་འབུམ་ལྡན་ཀུ་མུ་དའི།།ཅོད་པན་ཚངས་པའི་གནས་སུ་ཕེབས་བསྐལ་མཆོག།རྫོགས་ལྡན་དང་པོའི་ལང་ཚོར་ཅོ་འདྲི་བའི།།ས་རབ་དགའ་བརྒྱ་འབུམ་འགྱུར་ཅི་ཡང་ནུས།།སྒོ་གསུམ་མི་ཕྱེད་དད་གསུམ་ཕྲེང་བའི་ཚལ།།ཆོས་ཀྱི་འཁོར་ལོར་སྦྱར་ནས་ལན་མཆོད་འབུལ།།དེ་ལྟར་མཆོད་པར་བརྗོད་ཅིང་ཆོས་དང་ཆོས་ཉིད་ཐམས་ཅད་མཁྱེན་ཅིང་གཟིགས་པའི་བཀའི་ཅོད་པན་སྤྱི་བོར་ཕེབས་པའི་སྐལ་བཟང་དགའ་བའི་བཞད་གླུས་མདུན་བསུས་ཤིང༌།བཀའ་ལན་གང་སྤོབས་གསོལ་འདེབས་སུ་མཆོད་པ་འབུལ་བར་དམ་བཅས་ནས།ཞུ་བྱ་དངོས་ནི།འབྲི་ཕེབས་བཀའ་གླེགས་རིན་ཆེན་ལས།གསོ་བ་རིག་པའི་རྒྱུད་བཞིའི་ནང་གསེས་དུམ① 

འདི་ནི་དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་ཀརྨ་པའི་གདན་ས་རུ་ཟུར་མང་ཆེ་ཚང་མཆོག་སྤྲུལ་ཀརྨ་རིག་འཛིན་གསུང་རབ་རྒྱ་མཚོ་ཞེས་པས་བཀའ་འདྲི་ཕེབས་པ་ལ་ལན་དུ་མཛད་པ་ཞིག་ཡིན།འདིའི་ནང་ནད་ཀྱི་འཕེལ་ཟད་འཁྲུགས་གསུམ་ལ་བཞེད་ཚུལ་མི་འདྲ་བ་ཡོད་པ་མ་ཟད།ནད་དང་གཉེན་པོ་སྤྲོད་ཚུལ་ཀྱང་རིགས་པས་ཕྱེས་ནས་གསུངས་ཡོད་པས་ཞིབ་འཇུག་གི་རིན་ཐང་ལྡན།འོན་ཀྱང་རོ་སྡེབས་སྦྱོར་བ་ལས་མངར་བའི་སུམ་སྦྱོར་སྐབས་འཁྲུགས་འདུག་པ་ནི་ཡི་གེ་བའི་སྐྱོན་ནམ་གང་ཡིན་ཆ་མ་འཚལ་བས་བརྟག་གཞིར་ཆེའང་ཁ་ཤས་ཡོད་པས་དཔྱད་དགོས།རྩོམ་པ་པོ་དེའུ་དམར་བསྟན་འཛིན་ཕུན་ཚོགས་ནི་གོ་འཇོ་གསེར་ཁར་ཞེས་པར་ཡབ་བི་ཇིའི་རིགས་རྡོ་རྗེ་བཀྲ་ཤིས་དང་ཡུམ་དཀར་པོ་བཟའ་ལྷ་དགའ་ཞེས་པ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་གཅིག་པའི་ཆུ་མོ་གླང༌།སྤྱི་ལོ༡༦༧༢ལོར་སྐུ་བལྟམས།སྐུ་ན་ཆུང་དུས་ནས་ཡབ་དང་ཁུ་བོ་ལས་ཡི་གེ་དང་སྨན་རིག་བསླབས།ཁམ་པ་སྒར་དུ་བླ་མ་ཀུན་དགའ་བསྟན་འཛིན་རིན་པོ་ཆེ་ལས་རབ་ཏུ་བྱུང༌།སྐུ་གམ་དུ་བཅར་ནས་ཆོས་གཞུང་དང་གསོ་དཔྱད་རིག་པ་གསན།རི་བོ་རྩེ་ལྔ་སོགས་རྒྱ་ཡུལ་མང་པོ་དང་འཕགས་ཡུལ་དུ་བྱོན་ནས་བོད་སྨན་ལ་མཁོ་བའི་སྨན་རྫས་རྣམས་ཀྱི་ངོས་འཛིན་དང་ལས་སྣོན་བྱེད་ཚུལ་ཞིབ་ཕྲ་གཟིགས་པ་དང༌།བཟོ་རིག་པའི་གནས་ལའང་ལག་ལེན་མི་ཉུང་བ་བླངས།ཁོང་གི་གསུང་རྩོམ་ལ་ཤེལ་གོང་ཕྲེང་དང༌།རོ་དྲུག་སྨན་གྱི་སྡེབས་སྦྱོར་གསལ་བར་འགྲེལ་བ་དྲང་སྲོང་ཞལ་ལུང་བ་ཀུ་ལའི་འདབ་ཕྲེང་སོགས་བཀའ་འབུམ་པོད་བཞི་བཅུ་དང་གསོ་རིག་པོད་དྲུག་བརྩམས་པར་གྲགས།
 
བུ་གཉིས་པ་བཤད་པ་སྐུ་ཡི་རྒྱུད་ཀྱི་ལེའུ་ཉེར་གཅིག་པ་སྦྱོར་བ་སྨན་གྱི་སྐབས་འདིར།རོ་སྡེབ་སྦྱོར་བ་ལྔ་བཅུ་རྩ་བདུན་ཏེ།།གཉིས་པར་སྦྱར་ལ་མངར་ལྔ་སྐྱུར་བ་བཞི།།ལན་ཚ་གསུམ་ལ་ཁ་གཉིས་ཚ་བ་གཅིག།གསུམ་དུ་སྦྱར་ལ་མངར་བཅུ་སྐྱུར་བ་དྲུག།ལན་ཚ་གསུམ་ལ་ཁ་གཉིས་ཚ་བ་གཅིག།བཞི་སྦྱོར་མངར་བཅུ་སྐྱུར་བཞི་ལན་ཚྭ་གཅིག།ལྔ་སྦྱོར་མངར་བ་ལྔལ་སྐྱུར་བ་གཅིག།བཞི་བ་གཉིས་པ་བཅོ་ལྔ་ལྔ་བ་དྲུག།གསུམ་པ་ཉི་ཤུ་དྲུག་དུ་སྦྱར་བ་གཅིག།རྐྱང་བ་དྲུག་སྟེ་དྲུག་ཅུ་རྩ་གསུམ་མོ།།འཕེལ་ཟད་བདུན་ཅུ་རྩ་བཞིའི་གཉེན་པོར་སྦྱོར།ཞེས་པའི་ཚིགས་བཅད་ཤོ་ལོ་ཀ་གཉིས་དང༌།རྐང་པ་གསུམ་པོ་འདི་ལ་སྔོན་བྱོན་མཁས་པ་དག་གིས་རྒྱུད་འགྲེལ་རྣམས་སུ་ཕྱོགས་འགྲེལ་སྤོམ་མགྱོགས་ལས་ཞིབ་འགྲེལ་རྡོ་རུས་འཕྲོད་པ་ཞིག་མ་མཐོང་བས།ད་ལམ་གང་ནས་རོ་བསྡེབ་ལྔ་བཅུ་རྩ་བདུན་རེ་རེ་ནས་སྦྱར་ལུགས་དང༌།འཕེལ་ཟད་བདུན་ཅུ་རྩ་བཞི་འདི་ཞེས་དེ་ཡི་གཉེན་པོར་སྦྱར་ཚུལ་དཔེར་སྦྱོར་ཞིབ་འགྲེལ་ཞིག་བྲིས་ནས་འཕྲལ་དུ་བསྐུར་གནང་འཚལ་ཞེས་ཕེབས་པའི་ལན་འབུལ་ཞུ་བ་ལ།ཚུལ་གསུམ་སྟེ།སྨན་སྦྱོར་དྲུག་ཅུ་རྩ་གསུམ་རེ་རེ་ནས་བགྲང་བ་དང༌།ནད་ཀྱི་འཕེལ་ཟད་བདུན་ཅུ་རྩ་བཞི་སོ་སོར་བརྗོད་པ།དེ་ཡི་གཉེན་པོར་སྤྲོད་ཚུལ་ལོ།
 
ས་བཅད་དང་པོ།སྨན་སྦྱོར་དྲུག་ཅུ་རྩ་
གསུམ་རེ་རེ་ནས་བགྲང་བ།
 
དང་པོ་ནི།རྩ་བ་རོ་དྲུག་པོ་འདི་ལ་སྦྱར་ཐབས་ལྔ་བཅུ་རྩ་བདུན་ཡོད་དེ།དེ་ཡང་གཉིས་སྦྱོར་ལ་མངར་བ་གཙོ་བོར་བྱས་པ་ལྔ་ཡོད་པ་དེ་ནི།མངར་བ་སྐྱུམས་གཉིས་སྦྱར་བ་དང་གཅིག(འདུས་དང་ཁྱད་པར་རླུང་སེལ)མངར་བ་ལན་ཚྭ་གཉིས་སྦྱར་བ་དང་གཉིས།(འདུས་དང་ཁྱད་པར་རླུང་སེལ)མངར་བ་དང་ཁ་བ་སྦྱར་བ་དང་གསུམ།(མཁྲིས་པ་སེལ)མངར་བ་དང་ཚ་བ་སྦྱར་བ་དང་བཞི།(འདུས་དང་ཁྱད་པར་རླུང་སེལ)མངར་བ་དང་བསྐ་བ་སྦྱར་བ་དང་ལྔའོ།(འདུས་པ་མཁྲིས་ཤས་ཆེ་བ་ཡོ)
སྐྱུར་བ་གཙོ་བོར་བྱས་པའི་སྦྱོར་བ་ལ་བཞི་ཡོད་པ་ནི།མངར་བའི་སྦྱོར་བ་སྔོན་སོང་ཟིན་པས་མངར་བ་ཡར་དོར་ལ།དེ་འཕྲོས་སྐྱུམས་ནས་རིམ་པས་སྦྱར་ཏེ།སྐྱུར་བ་དང་ལན་ཚྭ་སྦྱར་བ་དང་གཅིག(བད་ཤས་ཆེ་བའི་རླུང་)སྐྱུར་བ་དང་ཁ་བ་སྦྱར་བ་དང་གཉིས།(མཁྲིས་ཤས་ཆེ་བའི་རླུང༌།) སྐྱུར་བ་དང་ཚ་བ་སྦྱར་བ་དང་གསུམ།(བད་ཤས་ཆེ་བའི་རླུང༌།) སྐྱུར་བ་དང་བསྐ་བ་སྦྱར་བ་དང་བཞི།(བད་མཁྲིས་སེལ)
དེས་འགྲེས་པའི་ལན་ཚྭ་གཙོ་བོར་བྱས་པའི་གཉིས་སྦྱོར་ལ་གསུམ་ཡོད་པ་ནི།ལན་ཚྭ་དང་ཁ་བ་སྦྱར་བ་དང་གཅིག(འདུས་པ་སེལ)ལན་ཚྭ་དང་ཚ་བ་སྦྱར་བ་དང་གཉིས།(བད་རླུང་ཤས་ཆེ་བ)ལན་ཚྭ་དང་བསྐ་བ་སྦྱར་བ་དང་གསུམ་ཡོ(འདུས་པ་བད་ཤས་ཆེ་བ་སེལ)
ཁ་བ་གཙོ་བོར་བྱས་པའི་སྦྱོར་བ་གཉིས་ཡོད་པ་ནི།ཁ་བ་དང་ཚ་བ་སྦྱར་བ་དང་གཅིགཁ་བ་དང་བསྐ་བ་སྦྱར་བ་དང་གཉིས་སོ།
ཚ་བ་གཙོ་བོར་བྱས་པའི་སྦྱོར་བ་གཅིག་ཡོད་པ་ནི།ཁ་བ་དང་བསྐ་བ་སྦྱར་བ་དང་གཅིག་སྟེ་བསྡོམས་པས་གཉིས་སྦྱོར་བཅོ་ལྔ་དང༌།
དེ་ཡང་གསུམ་སྦྱོར་ལ་མངར་བ་གཙོ་བོར་བྱས་པ་བཅུ་ཡོད་བ་ནི།མངར་བ་སྐྱུར་བ་དང་ལན་ཚྭ་སྦྱར་བ་དང་གཅིགམངར་བ་སྐྱུར་བ་དང་ཁ་བ་སྦྱར་བ་དང་གཉིས།མངར་བ་སྐྱུར་བ་དང་ཚ་བ་སྦྱར་བ་དང་གསུམ།མངར་བ་སྐྱུར་བ་དང་བསྐ་བ་སྦྱར་བ་དང་བཞི།མངར་བ་ལན་ཚྭ་དང་ཁ་བ་སྦྱར་བ་དང་ལྔ།མངར་བ་ལན་ཚྭ་དང་ཚ་བ་སྦྱར་བ་དང་དྲུགམངར་བ་ལན་ཚྭ་དང་བསྐ་བ་སྦྱར་བ་དང་བདུན།མངར་བ་ཁ་བ་དང་ཚ་བ་སྦྱར་བ་དང་བརྒྱད།མངར་བ་ཁ་བ་དང་བསྐ་བ་སྦྱར་བ་དང་དགུ།མངར་བ་ཚ་བ་དང་བསྐ་བ་སྦྱར་བ་དང་བཅུའོ།།
སྐྱུར་བ་གཙོ་བོར་བྱས་པའི་སྦྱོར་བ་ལ་དྲུག་ཡོད་པ་ནི།སྐྱུར་བ་ལན་ཚྭ་དང་ཁ་བ་སྦྱར་བ་དང་གཅིག་སྐྱུར་བ་ལན་ཚྭ་དང་ཚ་བ་སྦྱར་བ་དང་གཉིས །སྐྱུར་བ་ལན་ཚྭ་དང་བསྐ་བ་སྦྱར་བ་དང་གསུམ།སྐྱུར་བ་ཁ་བ་དང་ཚ་བ་སྦྱར་བ་དང་བཞི།སྐྱུར་བ་ཁ་བ་དང་བསྐ་བ་སྦྱར་བ་དང་ལྔ།སྐྱུར་བ་ཚ་བ་དང་བསྐ་བ་སྦྱར་བ་དང་དྲུག་གོ།
ལན་ཚྭ་གཙོ་བོར་བྱས་པའི་སྦྱོར་བ་ལ་གསུམ་ཡོད་པ་ནི།ལན་ཚྭ་ཁ་བ་དང་ཚ་བ་སྦྱར་བ་དང་གཅིག་ལན་ཚྭ་ཁ་བ་དང་བསྐ་བ་སྦྱར་བ་དང་གཉིས།ལན་ཚྭ་ཚ་བ་དང་བསྐ་བ་སྦྱར་བ་དང་གསུམ་མོ།
ཁ་བ་གཙོ་བོར་བྱས་པའི་སྦྱོར་བ་ལ་གཅིག་ཡོད་པ་ནི།ཁ་བ་ཚ་བ་དང་བསྐ་བ་སྦྱར་བ་དང་གཅིག་སྟེ་བསྡོམས་ན་ཉི་ཤུའོ།།
དེ་ཡང་བཞི་སྦྱོར་ལ་མངར་བ་གཙོ་བོར་བྱས་པ་བཅུ་ཡོད་པ་ནི།མངར་བ་སྐྱུར་བ་དང་ལན་ཚྭ་ཁ་བ་སྦྱར་བ་དང་གཅིགམངར་བ་སྐྱུར་བ་དང་ལན་ཚྭ་ཚ་བ་སྦྱར་བ་དང་གཉིས།མངར་བ་སྐྱུར་བ་དང་ལན་ཚྭ་བ་སྐབ་སྦྱར་བ་དང་གསུམ།མངར་བ་སྐྱུར་བ་དང་ཁ་བ་ཚ་བ་སྦྱར་བ་དང་བཞི།མངར་བ་སྐྱུར་བ་དང་ཁ་བ་བསྐ་བ་སྦྱར་བ་དང་ལྔ།མངར་བསྐྱུར་བ་དང་ཚ་བ་བསྐ་བ་སྦྱར་བ་དང་དྲུགམངར་བ་ལན་ཚ་དང་ཁ་བ་ཚ་བ་སྦྱར་བ་དང་བདུན།་མངར་བ་ལན་ཚྭ་དང་ཁ་བ་བསྐ་བ་སྦྱར་བ་དང་བརྒྱད།མངར་བ་ལན་ཚྭ་དང་ཚ་བ་བསྐ་བ་སྦྱར་བ་དང་དགུ།མངར་བ་ཁ་བ་དང་ཚ་བ་བསྐ་བ་སྦྱར་བ་དང་བཅུའོ།།
སྐྱུར་བ་གཙོ་བོར་བྱས་པའི་སྦྱོར་བ་ལ་བཞི་ཡོད་པ་ནི།སྐྱུར་བ་ལན་ཚྭ་དང་ཁ་བ་ཚ་བ་སྦྱར་བ་དང་གཅིག།སྐྱུར་བ་ལན་ཚྭ་དང་ཁ་བ་བསྐ་བ་སྦྱར་བ་དང་གཉིས།སྐྱུར་བ་ལན་ཚྭ་དང་ཚ་བ་བསྐ་བ་སྦྱར་བ་དང་གསུམ།སྐྱུར་བ་ཁ་བ་དང་ཚ་བ་བསྐ་བ་སྦྱར་བ་དང་བཞིའོ།།
ལན་ཚྭ་གཙོ་བོར་བྱས་པའི་སྦྱོར་བ་ལ་གཅིག་ཡོད་པ་ནི།ལན་ཚ་ཁ་བ་ཚ་བ་བསྐ་བ་སྦྱར་བ་དང་གཅིག་སྟེ་བཞི་སྦྱོར་བཅོ་ལྔའོ།
རོ་ལྔ་སྦྱོར་མངར་བ་གཙོ་བོར་བྱས་པ་ལྔ་ཡོད་པ་ནི།མངར་བ་སྐྱུར་བ་དང་ལན་ཚ་ཁ་བ་ཚ་བ་སྦྱར་བ་དང་གཅིགམངར་བ་སྐྱུར་བ་དང་ལན་ཚ་ཁ་བ་བསྐ་བ་སྦྱར་བ་དང་གཉིས།མངར་བ་སྐྱུར་བ་དང་ཁ་བ་ཚ་བ་བསྐ་བ་སྦྱར་བ་དང་གསུམ།མངར་བ་སྐྱུར་བ་དང་ལན་ཚ་ཚ་བ་བསྐ་བ་སྦྱར་བ་དང་བཞི།མངར་བ་ལན་ཚ་དང་ཁ་བ་ཚ་བ་བསྐ་བ་སྦྱར་བ་དང་ལྔའོ།
སྐྱུར་བ་གཙོ་བོར་བྱས་པའི་སྦྱོར་བ་ལ་གཅིག་ཡོད་པ་ནི།སྐྱུར་བ་ལན་ཚ་དང་ཁ་བ་ཚ་བ་བསྐ་བ་སྦྱར་བ་དང་གཅིག་སྟེ།རོ་ལྔ་སྦྱོར་ལ་བསྡོམས་པས་དྲུག་གོ།
རོ་དྲུག་སྦྱོར་ནི་མངར་སྐྱུར་ལན་ཚ་ཁ་ཚ་བསྐ་བ་གཅིག་སྟེ་ཀུན་བསྡོམས་པས་ལྔ་བཅུ་རྩ་བདུན་འབྱུང་བ་ཡིན་ལགས།དེ་ཡི་སྡོམ་ཚིག་ཀྱང༌།བཞི་བ་གཉིས་པ་བཅོ་ལྔ་ལྔ་པ་དྲུག།ཅེས་སོགས་རྐང་པ་གསུམ་གྱིས་བསྡུས་ཏེ།བཞི་སྦྱོར་དང་གཉིས་སྦྱོར་ལ་བཅོ་ལྔ་ཡོད་པ་བསྡོམས་པས་སུམ་ཅུ།ལྔ་སྦྱོར་ལ་དྲུག་ཡོད་པས་སོ་དྲུགསུམ་སྦྱོར་ཉི་ཤུ་ཡོད་པ་བསྡོམས་པས་ལྔ་བཅུ་རྩ་དྲུགདེ་ལ་དྲུག་སྦྱོར་གཅིག་བསྣན་པས་ལྔ་བཅུ་རྩ་བདུན་ནོ།དེ་ཡི་སྟེང་དུ་རོ་གཅིག་རྒྱུག་རྐྱང་པ་དྲུག་བསྣན་པས་རེ་གསུམ་གསུངས་པའོ།

ས་བཅད་གཉིས་པ།ནད་ཀྱི་འཕེལ་ཟད་
བདུན་ཅུ་རྩ་བཞི་སོ་སོར་བརྗོད་པ།
 
སྤྱི་དོན་གཉིས་པ་ནི། སྦྱོར་བ་དེ་ཡིས་གསོ་བར་བྱ་བའི་ཡུལ་ཉེས་གསུམ་ནད་ཀྱི་འཕེལ་ཟད་བདུན་ཅུ་རྩ་བཞི་ནི། རྒྱུད་ཀྱི་ལེའུ་བཅུ་གཉིས་པ་ནད་ཀྱི་དབྱེ་བ་བཤད་པའི་སྐབས་སུ།གཙོ་བོའི་དབྱེ་ན་རང་རྒྱུད་གཞན་རྐྱུད་ཅན།།རང་རྒྱུད་ཅན་ནི་རྐྱང་པ་རང་རྟགས་སྟོན།།འཔེལ་དང་རབ་འཕེལ་མཆོག་འཕེལ་ཟད་པར་སྦྱར།ཅེས་པས།ཉེས་པ་གསུམ་པོ་འཕེལ་བ་དང༌།ཟད་པ་རབ་ཏུ་ཟད་པའམ་དབྱེ་བའི་གྲངས་བརྗོད་པ་ནི།ཉེས་གསུམ་གཞན་དབང་དུ་མ་སོང་བའི་རང་རྒྱུད་ཅན་ལ་རླུང་འཕེལ་བ།རབ་ཏུ་འཕེལ་བ།མཆོག་ཏུ་འཕེལ་བ་གསུམ།མཁྲིས་པ་འཕེལ་བ།རབ་ཏུ་འཕེལ་བ།མཆོག་ཏུ་འཕེལ་བ་དང་གསུམ།བད་ཀན་འཕེལ་བ།རབ་ཏུ་འཕེལ་བ།མཆོག་ཏུ་འཕེལ་བ་གསུམ་སྟེ་བསྡོམས་འཕེལ་དགུ།
དེ་བཞིན་ཟད་པ་ལའང་རླུང་ཟད་པ།རབ་ཏུ་ཟད་པ།མཆོག་ཏུ་ཟད་པ་དང་གསུམ།མཁྲིས་པ་ཟད་པ།རབ་ཏུ་ཟད་པ།མཆོག་ཏུ་ཟད་པ་དང་གསུམ།བད་ཀན་ཟད་པ།རབ་ཏུ་ཟད་པ།མཆོག་ཏུ་ཟད་པ་དང་གསུམ་བཅས་བསྡོམས་ཟད་དགུ་སྟེ་རྐྱང་བའི་འཕེལ་ཟད་བཅོ་བརྒྱད་དོ།།
དེ་ཡང་ཉེས་གསུམ་གཞན་དབང་དུ་སོང་བའི་གཞན་རྒྱུད་ཅན་ནི།གཞུང་ལས།གཞན་རྒྱུད་ཅན་ལ་ལྡན་འདུས་བླ་གཉན་གསུམ།།ཞེས་པས།ལྡན་པ་འདུས་པ་འདྲེས་པ་གསུམ་གྱི་གྲངས་ལོངས་པ་ལས་བླ་གཉན་འདིར་བགྲང་མི་དགོས།དེ་གསུམ་གྱི་དང་པོ་ལྡན་པ་ལ།ལྡན་པ་མཉམ་གསུམ་གཅིག་རབ་ལྷག་པ་དྲུག།ཅེས་གསུངས་པའི་དང་པོ་མཉམ་གསུམ་ནི།རླུང་མཁྲིས་མཉམ་པར་འཕེལ་བ།བད་རླུང་མཉམ་པར་འཕེལ་བ།བད་མཁྲིས་མཉམ་པར་འཕེལ་བ་དང་གསུམ།རླུང་མཁྲིས་མཉམ་པར་ཟད་པ།བད་རླུང་མཉམ་པར་ཟད་པ།བད་མཁྲིས་མཉམ་པར་ཟད་པ་དང་གསུམ་སྟེ་མཉམ་པའི་འཕེལ་ཟད་དྲུག
གཅིག་རབ་ལྷག་པའི་དྲུག་ནི།རླུང་རབ་ཏུ་འཕེལ་མཁྲིས་པ་ལྷག་པར་འཕེལབ།རླུང་རབ་ཏུ་འཕེལ་བད་ཀན་ལྷག་ཏུ་འཕེལ། མཁྲིས་པ་རབ་ཏུ་འཕེལ་བད་ཀན་ལྷག་པར་འཕེལ་བ།མཁྲིསས་རབ་ཏུ་འཕེལ་རླུང་ལྷག་པར་འཕེལ་བ།བད་ཀན་རབ་ཏུ་འཕེལ་མཁྲིས་པ་ལྷག་པར་འཕེལ་བ།བད་ཀན་རབ་ཏུ་འཕེལ་རླུང་ལྷག་པར་འཕེལ་བ་དང་དྲུགརླུང་རབ་ཏུ་ཟད་མཁྲིས་པ་ལྷག་པར་ཟད།རླུང་རབ་ཏུ་ཟད་བད་ཀན་ལྷག་པར་ཟད།མཁྲིས་པ་རབ་ཏུ་ཟད་བད་ཀན་ལྷག་པར་ཟད།མཁྲིས་པ་རབ་ཏུ་ཟད་རླུང་ལྷག་པར་ཟད།བད་ཀན་རབ་ཏུ་ཟད་མཁྲིས་པ་ལྷག་པར་ཟད།བད་ཀན་རབ་ཏུ་ཟད་རླུང་ལྷག་པར་ཟད་པ་དྲུག་སྟེ་གཅིག་རབ་ལྷག་པའི་འཕེལ་ཟད་བཅུ་གཉིས་ཏེ་བསྡོམས་ལྡན་པའི་འཕེལ་ཟད་བཅོ་བརྒྱད།
གཉིས་པ་འདུས་པ་ལ།གཞུང་ལས།འདུས་པ་མཚུངས་གཅིག་རབ་འབྲིང་སུམ་སྦྱར་དྲུག།གཉིས་གཅིག་ལྷག་པ་ལ་དྲུག་གོ་ལྡོག་ཟད།།ཅེས་གསུངས་པ་ལྟར།དང་པོ་མཚུངས་གཅིག་ནི།རླུང་དང་མཁྲིས་པ་བད་ཀན་གསུམ་ག་མཚུངས་པར་འཕེལ་བ།རླུང་མཁྲིས་བད་ཀན་གསུམ་མཚུངས་པར་ཟད་པ་གཅིག་བཅས་འཕེལ་ཟད་གཉིས།
རབ་འབྲིང་སུམ་སྦྱར་དྲུག་ཅེས་པ་ནི།རླུང་རབ་ཏུ་འཕེལ་མཁྲིས་པ་འབྲིང་དུ་འཕེལ་བད་ཀན་ཐ་མལ་དུ་འཕེལ་བ་དང༌། མཁྲིས་པ་རབ་ཏུ་འཕེལ་བད་ཀན་འབྲིང་དུ་འཕེལ་རླུང་ཐ་མལ་དུ་འཕེལ་བ་དང༌།བད་ཀན་རབ་ཏུ་འཕེལ་རླུང་འབྲིང་དུ་འཕེལ་མཁྲིས་པ་ཐ་མལ་དུ་འཕེལ་བ་དང༌།བད་ཀན་རབ་ཏུ་འཕེལ་མཁྲིས་པ་ལྷག་པར་འཕེལ་རླུང་ཐ་མལ་དུ་འཕེལ་བ་དང༌།མཁྲིས་པ་རབ་ཏུ་འཕེལ་རླུང་འབྲིང་དུ་འཕེལ་བད་ཀན་ཐ་མལ་དུ་འཕེལ་བ་དང༌།རླུང་རབ་ཏུ་འཕེལ་བད་ཀན་འབྲིང་དུ་འཕེལ་མཁྲིས་པ་ཐ་མལ་དུ་འཕེལ་བ་སྟེ་རབ་འབྲིང་སུམ་སྦྱར་གྱི་འཕེལ་དྲུག
ཟད་པ་ལ་རླུང་རབ་ཏུ་ཟད་མཁྲིས་པ་འབྲིང་དུ་ཟད་བད་ཀན་ཐ་མལ་དུ་ཟད།མཁྲིས་པ་རབ་ཏུ་ཟད་བད་ཀན་འབྲིང་དུ་ཟད་རླུང་ཐ་མལ་དུ་ཟད་པ་དང༌།བད་ཀན་རབ་ཏུ་ཟད་རླུང་འབྲིང་དུ་ཟད་མཁྲིས་པ་ཐ་མལ་དུ་ཟད་པ་དང༌།བད་ཀན་རབ་ཏུ་ཟད་མཁྲིས་པ་ལྷག་པར་ཟད་རླུང་ཐ་མལ་དུ་ཟད།མཁྲིས་པ་རབ་ཏུ་ཟད་རླུང་འབྲིང་དུ་ཟད་བད་ཀན་ཐ་མལ་དུ་ཟད་པ་དང༌།རླུང་རབ་ཏུ་ཟད་བད་ཀན་འབྲིང་དུ་ཟད་མཁྲིས་པ་ཐ་མལ་དུ་ཟད་པ་དང་དྲུག་སྟེ་རབ་འབྲིང་སུམ་སྦྱར་གྱི་འཕེལ་ཟད་བཅུ་གཉིས།

གཉིས་གཅིག་ལྷག་པ་དྲུག་ཅེས་པ་ནི།རླུང་མཁྲིས་གཉིས་འཕེལ་ཞིང་བད་ཀན་ལྷག་པར་འཕེལ་བ།བད་མཁྲིས་འཕེལ་ཞིང་རླུང་ལྷག་པར་འཕེལ་བ།བད་རླུང་འཕེལ་ཞིང་མཁྲིས་པ་ལྷག་པར་འཕེལ་བ་དང་གསུམ།རླུང་འཕེལ་ཞིང་བད་མཁྲིས་ལྷག་པར་འཕེལ་བ།མཁྲིས་པ་འཕེལ་ཞིང་བད་རླུང་ལྷག་པར་འཕེལ་བ།བད་ཀན་འཕེལ་ཞིང་རླུང་མཁྲིས་ལྷག་པར་འཕེལ་བ་གསུམ་སྟེ་བསྡོམས་དྲུག
ཟད་པ་ལ་རླུང་མཁྲིས་གཉིས་ཟད་ཅིང་བད་ཀན་ལྷག་པར་ཟད་པ།བད་མཁྲིས་ཟད་ཅིང་རླུང་ལྷག་པར་ཟད་པ།བད་རླུང་ཟད་ཅིང་མཁྲིས་པ་ལྷག་པར་ཟད་པ་དང་གསུམ།རླུང་ཟད་ཅིང་བད་མཁྲིས་ལྷག་པར་ཟད་པ།མཁྲིས་པ་ཟད་ཅིང་བད་རླུང་ལྷག་པར་ཟད་པ།བད་ཀན་ཟད་ཅིང་རླུང་མཁྲིས་ལྷག་པར་ཟད་པ་དང་བཅུ་གཉིས་ཏེ་འདུས་པ་ལ་སྔ་ཕྱི་བསྡོམས་པས་ཉེར་དྲུག་གོ།

གསུམ་པ་འཕེལ་ཟད་འདྲེས་པ་ལ།རྒྱུད་ལས།འཕེལ་ཟད་འདྲེས་ལ་འཁྲུགས་འཕེལ་ཟད་སྦྱར་དྲུག།གཅིག་ཟད་གཉིས་འཕེལ་གོ་ལྡོག་བཅས་པ་དྲུག།ཅེས་གསུངས་པས་དང་པོ་འཁྲུགས་འཕེལ་ཟད་སྦྱར་དྲུག་ནི།རླུང་འཁྲུགས་མཁྲིས་པ་འཕེལ་བད་ཀན་ཟད་པ་དང༌།མཁྲིས་པ་འཁྲུགས་བད་ཀན་འཕེལ་རླུང་ཟད་པ་དང༌།བད་ཀན་འཁྲུགས་རླུང་འཕེལ་མཁྲིས་པ་ཟད་པ་དང༌།བད་ཀན་འཁྲུགས་མཁྲིས་པ་འཕེལ་རླུང་ཟད་པ་དང༌།མཁྲིས་པོ་ཁྲུགས་རླུང་འཕེལ་བད་ཀན་ཟད་པ་དང༌།རླུང་འཁྲུགས་བད་ཀན་འཕེལ་མཁྲིས་པ་ཟད་པ་དང་དྲུག
གཉིས་པ།གཅིག་ཟད་གཉིས་འཕེལ་གོ་ལྡོག་བཅས་པ་དྲུག་ཅེས་པ་ནི།རླུང་ཟད་ནས་བད་མཁྲིས་གཉིས་འཕེལ་བ།མཁྲིས་པ་ཟད་ནས་བད་རླུང་གཉིས་འཕེལ་བ།བད་ཀན་ཟད་ནས་རླུང་མཁྲིས་གཉིས་འཕེལ་བ་དང་གསུམ།རླུང་འཕེལ་ཞིང་བད་མཁྲིས་གཉིས་ཟད་པ།མཁྲིས་པ་འཕེལ་ཞིང་བད་རླུང་གཉིས་ཟད་པ།བད་ཀན་འཕེལ་ཞིང་རླུང་མཁྲིས་གཉིས་ཟད་པ་དང་གསུམ།སྔ་ཕྱི་དྲུག་སྟེ་འདུས་པའི་འཕེལ་ཟད་འཁྲུགས་གསུམ་འདྲེས་པ་བཅུ་གཉིས་ཏེ།གོང་གསལ་རང་རྒྱུད་ཅན་གྱི་རྐྱང་པའི་འཕེལ་ཟད་བཅོ་བརྒྱད།གཞན་རྒྱུད་ཅན་ལ་ལྡན་པའི་འཕེལ་ཟད་བཅོ་བརྒྱད།འདུས་པ་འཕེལ་ཟད་ཉེར་དྲུག་དང༌།འཕེལ་ཟད་འཁྲུགས་གསུམ་འདྲེས་པ་བཅུ་གཉིས་ཏེ།བསྡོམས་པས་འཕེལ་ཟད་དབྱེ་བ་བདུན་ཅུ་རྩ་བཞིའོ།།དེ་ཡང་དྲུག་ཅུ་རྩ་བཞིར་བསྡུ་ན།ཡན་ལག་བརྒྱད་པརཉེས་གསུམ་ལ་འཕེལ་བ་རེ་རེ་ལ་འཕེལ་དང་རབ་འཕེལ་མཆོག་འཕེལ་སྦྱར་བའི་ནང་རབ་མཆོག་གཉིས་ལ་སྦྱར་བའི་འཕེལ་ཟད་བཅུ་གཉིས་པོ་འདིར་མ་སྨོས་སོ།།དེས་ན་འཕེལ་ཟད་བདུན་ཅུ་རྩ་བཞིའི་ཐོག་ནས་བཅུ་གཉིས་ཕྲི་བས་འཕེལ་ཟད་དྲུག་བཅུ་རྩ་གཉིས་བཤད་པ་ཡིན་ལ།ཟླ་ཟེར་ལས་ཀྱང་འཕེལ་ཟད་དྲུག་བཅུ་རྩ་གཉིས་སམ་རྩགསུམ་དུ་བཤད་པ་ཡིན་ནོ།
 
ས་བཅད་གསུམ་པ།ནད་འཕེལ་ཟད་བདུན་ཅུ་རྩ་བཞི་དང་
གཉེན་པོ་སྨན་སྦྱོར་དྲུག་ཅུ་རྩ་གསུམ་སྤྲོད་ཚུལ།
 
སྤྱི་དོན་གསུམ་པ་ནི།ནད་ཀྱི་འཕེལ་ཟད་དེ་ཡི་གཉེན་པོར་རོ་སྡེབ་དྲུག་ཅུ་རྩ་གསུམ་དང་སྤྲད་ཚུལ་ཞུ་བ་ནི།རོ་གཉིས་སྦྱོར་བཅོ་ལྔའི་ནང་ནས།མངར་བའི་གཉིས་སྦྱོར་ལྔ་དང་པོ་མངར་བ་དང་སྐྱུར་བ་གཉིས་སྦྱར་བས་རྒྱུད་ལས།མདོར་བསྡུས་མངར་བའི་རོ་ཡིས་རླུང་མཁྲིས་སེལ།།ཞེས་གསུངས་པ་སོགས་རགས་པ་ན།མངར་བས་རླུང་མཁྲིས་སེལ་ཞིང་སྐྱུར་བས་བད་ཀན་སེལ་བ་ཡིན་པས །འདུས་པའི་ནད་སེལ་བའི་དོན་ཡིན་ལ།དེ་ཡང་ཞིབ་ཏུ་དཔྱད་ན།མངར་བ་ནི་ས་ཆུ་ལྡན་པ་ཡིན་ཞིང༌།སྐྱུར་བ་ནི་སམེ་ལྡན་པ་ཡིན་པསརླུང་མཆོག་ཏུ་འཕེལ་བ་དང༌།བད་མཁྲིས་ལྡན་པ་ཆ་མཉམ་དུ་འཕེལ་བའི་འདུས་པ་སེལ་ལོ།།དེ་ལས་ཀྱང་ཤིན་ཏུ་ཞིབ་པར་འདོད་པ་རྣམས་ཀྱིས་བརྟག་པ་ཕྲ་མོའི་སྒོ་ནས་རྒྱུད་ལས་བཅུ་དང་བདུན་གྱིས་མཚན་ཉིད་ཉི་ཤུ་འཇོམས།།གསུངས་པ་ལྟར་རོ་དྲུག་འབྱུང་བཞི་གཉིས་རེས་བསྐྱེད་ཚུལ་སོ་སོར་ངོས་བཟུང་ནས།འབྱུང་བ་དེ་ཡང་རེ་རེ་བཞིན་ཡོན་ཏན་བཅུ་བདུན་སོ་སོར་བརྟག་པར་བྱས་ནས།ནད་ཀྱི་མཚན་ཉིད་ཉི་ཤུ་གང་དང་གང་འདུལ་གསལ་བར་མངོན་སུམ་དུ་ངོ་སྤྲད་པ་འདི་ནི།ཁོ་བོའི་ཡང་མེས་བརྒྱུད་པའི་ཕྱག་ལེན་གྱི་གཞུང་སྲོལ་མཐིལ་མཛད་པར་འདུག་ལགསདེ་བཞིན་རགས་ཞིབ་ཕྲ་བའི་རིམ་པས་གཞན་རྣམས་ལའང་ཤེས་པར་འགྱུར་གྱིས།སླར་ཡང་དེ་བཞིན་དུགཉིས་པ་མངར་བ་ལན་ཚྭ་གཉིས་སྦྱར་བས་འདུས་པ་སེལ་ཞིང༌།ཁྱད་པར་རླུང་ཤས་ཆེ་བ་སེལ་བ་དང༌། གསུམ་པ་མངར་ཁ་གཉིས་སྦྱོར་གྱིས་རླུང་མཁྲིས་ལྡན་པ་དང༌།ཁྱད་པར་མཁྲིས་ཤས་ཆེ་བ་སེལ།བཞི་བ་མངར་ཚ་གཉིས་སྦྱོར་གྱིས་འདུས་པ་དང་ཁྱད་པར་རླུང་ཤས་ཆེ་བ་སེལ་ལོ།ལྔ་བ་མངར་བསྐ་གཉིས་སྦྱོར་གྱིས་འདུས་པ་དང་ཁྱད་པར་རླུང་མཁྲིས་ཆེ་བ་སེལ་ལོ།།
སྐྱུར་བའི་གཉིས་སྦྱོར་བཞི་ནི།དང་པོ་སྐྱུར་བ་དང་ལན་ཚྭ་གཉིས་སྦྱོར་གྱིས་བད་རླུང་ལྡན་པ་དང་ཁྱད་པར་བད་ཤས་ཆེ་བ་སེལ།གཉིས་པ་སྐྱུར་ཁ་གཉིས་སྦྱོར་གྱིས་བད་མཁྲིས་ལྡན་པ་སེལ། གསུམ་པ་སྐྱུར་ཚ་གཉིས་སྦྱོར་གྱིས་བད་རླུང་ལྡན་པ་དང་ཁྱད་པར་བད་ཤས་ཆེ་བ་སེལ།བཞི་བ་སྐྱུར་བསྐ་གཉིས་སྦྱོར་གྱིས་བད་མཁྲིས་ལྡན་པ་སེལ་བའོ།
ལན་ཚའི་གཉིས་སྦྱོར་གསུམ་གྱི་དང་པོ་ལན་ཚ་ཁ་བ་གཉིས་སྦྱོར་གྱིས་འདུས་པ་དང་ཁྱད་པར་རླུང་ཤས་ཆེ་བ་སེལ།གཉིས་པ་ལན་ཚྭ་ཚ་བ་གཉིས་སྦྱོར་གྱིས་བད་རླུང་ལྡན་པ་དང་ཁྱད་པར་རླུང་ཤས་ཆེ་བ་སེལ།གསུམ་པ་ལན་ཚྭ་བསྐ་བ་གཉིས་སྦྱོར་གྱིས་འདུས་པ་སེལ་བའོ།།
ཁ་བའི་གཉིས་སྦྱོར་གཉིས་ཀྱི་དང་པོ་ཁ་ཚ་གཉིས་སྦྱོར་གྱིས་འདུས་པ་སེལ།གཉིས་པ་ཁ་བསྐ་གཉིས་སྦྱོར་གྱིས་རླུང་མཁྲིས་ལྡན་པའི་ནང་ནས་མཁྲིས་པ་མཆོག་ཏུ་འཕེལ་བ་སེལ་ལོ།།
ཚ་བའི་གཉིས་སྦྱོར་གཅིག་པུ་ནི།ཚ་བསྐ་གཉིས་སྦྱོར་འདིས་འདུས་པ་སེལ་ལོ།།
རོ་སུམ་སྦྱོར་ཉི་ཤུའི་ནང་ནས་མངར་བའི་སུམ་སྦྱོར་བཅུ་ནི།། དང་པོ་མངར་སྐྱུར་ལན་ཚྭ་གསུམ་སྦྱར་བས་འདུས་པ་དང་ཁྱད་པར་རླུང་ཤས་ཆེ་བ་སེལ།གཉིས་པ་མངར་སྐྱུར་ཁ་གསུམ་སྦྱར་བས་འདུས་པ་དང་ཁྱད་པར་མཁྲིས་ཤས་ཆེ་བ་སེལ།།གསུམ་པ་སྐྱུར་བ་ལན་ཚྭ་བསྐ་བ་གསུམ་སྦྱར་བས་འདུས་པ་དང་ལྷག་ཏུ་བད་རླུང་ཆེ་བ་སེལ།བཞི་བ་སྐྱུར་ཁ་ཚ་གསུམ་སྦྱར་བས་འདུས་པ་དང་ཁྱད་པར་བད་ཤས་ཆེ་བ་སེལ་བའོ།ལྔ་བ་སྐྱུར་ཁ་བསྐ་གསུམ་སྦྱར་བས་འདུས་པ་དང་ལྷག་པར་མཁྲིས་ཤས་ཆེ་བ་སེལ།དྲུག་པ་སྐྱུར་ཚ་བསྐ་གསུམ་སྦྱར་བས་འདུས་པ་དང་ལྷག་པར་བད་ཀན་སེལ།ལན་ཚྭའི་སུམ་སྦྱོར་གསུམ་གྱི་དང་པོ་ལན་ཚྭ་ཁ་ཚ་གསུམ་སྦྱར་བས་བད་ཀན་ཆེ་བ་དང་མཁྲིས་པ་རབ་ཏུ་འཕེལ་བ་དང་རླུང་མཆོག་ཏུ་འཕེལ་བའི་འདུས་པ་སེལ།གཉིས་པ་ལན་ཚྭ་ཁ་བསྐ་གསུམ་སྦྱར་བས་འདུས་པ་དང་ཁྱད་པར་བད་མཁྲིས་ཤས་ཆེ་བ་སེལ།གསུམ་པ་ལན་ཚྭ་ཚ་བསྐ་གསུམ་སྦྱར་བས་འདུས་པ་དང་ཁྱད་པར་བད་རླུང་ཆེ་བ་སེལ་བའོ།
ཁ་བའི་སུམ་སྦྱོར་གཅིག་ནི།ཁུ་ཚ་བསྐ་གསུམ་སྦྱར་བས་འདུས་ནད་སེལ་ཞིང་ལྷག་ཏུ་མཁྲིས་ཤས་ཆེ་བ་སེལ་བའོ།།
རོ་བཞི་སྦྱོར་བཅོ་ལྔའི་ནང་ནས།མངར་བའི་སྦྱོར་བ་བཅུའི་དང་པོ་མངར་སྐྱུར་ལན་ཚྭ་ཁ་བཞི་སྦྱར་བས་འདུས་པ་དང་ཁྱད་པར་བད་མཁྲིས་ཆེ་བ་སེལ།གཉིས་པ་མངར་སྐྱུར་ལན་ཚྭ་ཚ་བ་བཞི་སྦྱར་བས་འདུས་པ་དང་བད་རླུང་ཆེ་བ་སེལ།གསུམ་པ་མངར་སྐྱུར་ལན་ཚྭ་བསྐ་བ་བཞི་སྦྱར་བས་འདུས་པ་དང་ལྷག་ཏུ་བད་རླུང་ཆེ་བ་སེལ།བཞི་བ་མངར་སྐྱུར་ཁ་ཚ་བཞི་སྦྱར་བས་འདུས་པ་དང་ལྷག་ཏུ་བད་མཁྲིས་ཆེ་བ་སེལ།ལྔ་བ་མངར་སྐྱུར་ཁ་བསྐ་བཞི་སྦྱར་བས་འདུས་པ་དང་ཁྱད་པར་རླུང་མཁྲིས་ཆེ་བ་སེལ།དྲུག་པ་མངར་སྐྱུར་ཚ་བསྐ་བཞི་སྦྱར་བས་འདུས་པ་དང་ཁྱད་པར་བད་མཁྲིས་ཆེ་བ་སེལ།བདུན་པ་མངར་དང་ཁ་ཚ་ལན་ཚྭ་བཞི་སྦྱར་བས་འདུས་པ་དང་ཁྱད་པར་རླུང་མཁྲིས་ཆེ་བ་སེལ།བརྒྱད་པ་མངར་དང་ལན་ཚྭ་ཁ་བསྐ་བཞི་སྦྱར་བས་འདུས་པ་དང་ཁྱད་པར་རླུང་མཁྲིས་སེལ། དགུ་བ་མངར་དང་ལན་ཚྭ་ཚ་བསྐ་བཞི་སྦྱར་བས་འདུས་པ་བད་རླུང་ཆེ་བ་སེལ།བཅུ་བ་མངར་དང་ཁ་ཚ་བསྐ་བཞི་སྦྱར་བས་འདུས་པ་དང་མཁྲིས་ཤས་ཆེ་བ་སེལ་བའོ།།
སྐྱུར་བའི་བཞི་སྦྱོར་བཞིའི་དང་པོ་སྐྱུར་བ་ལན་ཚྭ་ཁ་ཚ་བཞི་སྦྱར་བས་མཁྲིས་པ་འཕེལ་ཞིང་རླུང་རབ་ཏུ་འཕེལ་བ་བད་ཀན་མཆོག་ཏུ་འཕེལ་བའི་འདུས་པ་སེལ།གཉིས་པ་སྐྱུར་དང་ལན་ཚ་ཁ་བསྐ་བཞི་སྦྱར་བས་བད་མཁྲིས་ཆེ་བ་སེལ།གསུམ་པ་སྐྱུར་དང་ལན་ཚ་ཚ་བསྐ་བཞི་སྦྱར་བས་བད་རླུང་ཆེ་བ་སེལ།བཞི་བསྐྱུར་དང་ཁ་ཚ་བསྐ་བཞི་སྦྱར་བས་བད་མཁྲིས་ལྡན་པ་ཆ་མཉམ་དུ་འཕེལ་བ་སེལ་བར་བྱེད་དོ།།
①མངར་བའི་སུམ་སྦྱོར་བཅུ་ལས་གསུམ་པ་ནས་ཆད།སྐྱུར་བའི་སུམ་སྦྱོར་ལས་གསུམ་པའི་ཡན་ཆད་པས་བསྐང་བར་བྱ།
  ལན་ཚྭའི་བཞི་སྦྱོར་གཅིག་ནི༌།ལན་ཚྭ་ཁ་ཚ་བསྐ་བཞི་སྦྱར་བས་འདུས་པ་དང་ཁྱད་པར་མཁྲིས་ཤས་ཆེ་བ་སེལ་བར་བྱེད་པའོ།།
རོ་ལྔ་སྦྱོར་དྲུག་གི་ནང་ནས།མངར་བའི་སྦྱོར་བ་ལྔ་ནི།དང་པོ་མངར་སྐྱུར་ལན་ཚྭ་ཁ་ཚ་ལྔ་སྦྱར་བས་འདུས་པ་དང་ཁྱད་པར་བད་རླུང་ཤས་ཆེ་བ་སེལ།གཉིས་པ་མངར་སྐྱུར་ལན་ཚྭ་ཁ་བསྐ་ལྔ་སྦྱར་བས་རླུང་འཕེལ་ཞིང་བད་མཁྲིས་རབ་ཏུ་འཕེལ་བ་སེལ།གསུམ་པ་མངར་སྐྱུར་ལན་ཚྭ་ཚ་བསྐ་ལྔ་སྦྱར་བས་འདུས་པ་མཁྲིས་འཐབ་བད་རླུང་ཆེ་བ་སེལ།བཞི་བ་མངར་སྐྱུར་ཁ་ཚ་བསྐ་ལྔ་སྦྱར་བས་རླུང་འཕེལ་ཞིང་བད་མཁྲིས་གཉིས་མཆོག་ཏུ་འཕེལ་བའི་འདུས་པ་སེལ།ལྔ་བ་མངར་བ་ལན་ཚྭ་ཁ་ཚ་བསྐ་ལྔ་སྦྱར་བས་རླུང་མཁྲིས་ལྷག་པར་འཕེལ་བའི་འདུས་པ་སེལ་བའོ།།
  སྐྱུར་བའི་ལྔ་སྦྱོར་གཅིག་ནི༌།སྐྱུར་དང་ལན་ཚྭ་ཁ་ཚ་བསྐ་ལྔ་སྦྱར་བས་རླུང་མཁྲིས་ལྷག་པར་འཕེལ་བའི་འདུས་པ་སེལ་བ་ཡིན་ནོ།
  རོ་དྲུག་སྦྱོར་མངར་སྐྱུར་ལན་ཚ་ཁ་ཚ་བསྐ་བ་དྲུག་སྦྱོར་འདིས་ནི་རླུང་མཁྲིས་བད་ཀན་མཉམ་དུ་འཕེལ་བའི་འདུས་པ་སེལ་བའོ།།དེ་ནི་རོ་དྲུག་འདི་དག་ལས་འབྱུང་ལྔ་འདུས་པ་ནང་འཕྲད་པས་མི་མཐུན་སྟོབས་ཆེས་སྟོབས་ཆུང་འཕྲོག་པའི་ལྷག་མ་ཀུན་ཚོགས་པའི་དབང་གིས་སོ།།
  རོ་རྐྱང་རྒྱུག་དྲུག་པོ་རེ་རེ་ནས་སོ་སོར་བཏང་པའི་ནུས་པ་ནི།མངར་བས་རླུང་མཁྲིས་ལྡན་པ་སེལ།སྐྱུར་བས་བད་རླུང་ལྡན་པའི་ནང་ནས་བད་ཤས་ཆེ་བ་སེལ།ལན་ཚྭས་བད་རླུང་ལྡན་པ་སེལ།ཁ་བས་མཁྲིས་པ་སེལ།ཚ་བས་བད་རླུང་སེལ།བསྐ་བས་རླུང་མཁྲིས་ལྡན་པ་སེལ་བར་བྱེད་པ་སྟེ།དེ་དག་གོང་དུ་སྨོས་པ་བཞིན་དུ།རོ་དྲུགནུས་པ་བརྒྱད།ཞུ་རྗེས་གསུམ།ཡོན་ཏན་བཅུ་བདུན།འབྱུང་ལྔའི་ཁོག་ནས་འདོན་པའི་སྒོ་ནས།མེ་དྲོད་གསུམ།ན་སོ་གསུམ།ཡུལ་དུས་གསུམ་གསུམ་དང༌།མཚན་ཉིད་ཉི་ཤུ་སོགས་དང༌།ཞིབ་པར་སྦྱོར་བའི་རྡེལ་འགྲེལ་རྒྱས་པར་མཛད་རྨནད་གཅིག་འཇོམས་གཉིས་བསྐྱེད་དང༌།གཉིས་འཇོམས་གཅིག་བསྐྱེད་སོགས་གསལ་ཞིང༌།བསྐྱེད་པ་གང་བསྐྱེད་ལུགས།འཕེལ་དང་རབ་འཕེལ་མཆོག་འཕེལ་གྱི་བསྐྱེད་ཚད་དང༌།གང་འཇོམས་པ་དེ།ཟད་དང༌།རབ་ཟད།མཆོག་ཟད་སོགས་འབྱུང་བའི་ཆ་ཚོད།སྟོབས་དང་མཐུན་པའི་རྡེལ་རོ་འདོན་རྒྱུ།བསྐྱེད་པའི་རྡེལ་ལྷག་ཟུར་དུ་འཕེལ་བ་སོགས་ངོ་མཚར་བའི་ལྟད་མོ་གསོ་བ་རིག་པ་ལ་བློ་ཁ་མངོན་པར་དད་ཅིང་མི་ཕྱོགས་ཀ་མེད་འབྱུང་བ་ནི་གསོལ་མ་དགོས་མཁྱེན་དབྱིངས་ཟབ་པའི་ཆོས་ཀློང་དུ་བཞུགས་པ་ལྟར་ལགས་སོ།།

༡རོ་སྡེབས་ཀྱི་སྦྱོར་བ་འདི་དག་ལ་ཕན་ཚུན་ནང་འགལ་ཡོད་དམ།
༢རོ་སྡེབས་སྦྱོར་བ་ལ་ང་བདུན་ཡོད་དམ་རེ་གསུམ་ཡོད།
༣རོ་སུམ་སྦྱོར་ལས་མངར་སྐྱུར་གཉིས་ཀྱི་སྦྱོར་བ་ཆད་འདུག་པ་སྐོང་ཐུབ་བམ།
༤ལེའུ་འདིར་བསྟན་པའི་སྦྱོར་ཚུལ་ལ་མི་འཐད་པ་ཡོད་དམ།

Leave a Reply

Be the First to Comment!

Notify of
avatar
wpDiscuz