ལེའུ་བདུན་པ།བཤད་པའི་རྒྱུད་ཀྱི་ཚིག་འགྲེལ་གསེར་ མཆན་རྣམ་བཀྲ་གན་མཛོད།①(ཚན་བཤུས།)

image_pdfimage_print

དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་བརྩམས།
 
ས་བཅད་དང་པོ།ཞུ་རྗེས་བསྟན་པ།
དང་པོ།རགས་པར་བཤད་པ།
 
ཞུ་རྗེས་བཤད་པོ་ལ་གསུམ་སྟེ།རགས་པ་དང༌།ཕྲ་བ་དང༌། ཤིན་ཏུ་ཕྲ་བ་དམིགས་ཀྱིས་བསལ་ནས་བཤད་པ་དང་གསུམ་ལས། དང་པོ་ནི།དང་པོར་རོ་དྲུག་ཟས་སྐོམ་གང་ཟོས་པ།།ཞེས་སོགས་བཟའ་བཏུང་གང་ཟོས་པ་དེ་དག་ཐམས་ཅད་ཀྱང་ཞུ་རྗེས་གསུམ་མོ།།མཐར་ཁ་བ་ཉིད་དུ་ཞུ་བ་ནི་སྤྱིར་བཏང་རིགས་པའི་དབང་དུ་བྱས་ཀྱི་རྒྱུ་མཚན་ཡང་རོའི་འགྱུར་བ་ཐམས་ཅད་རང་རང་གི་རྒྱུའམ་བསྐྱེད་བྱེད་འབྱུང་བ་ཤས་ཆེ་ཆུང་ལས་གྲུབ་པ་དེ་བཞིན་དུ།འདིར་ཡང་ཕོ་བར་གནས་པའི་བད་མཁྲིས་རླུང་གསུམ་ཡང་འབྱུང་བ་ས་ཆུ་མེ་རླུང་གི་བདག་ཉིད་ཅན་ཡིན་པ་འདི་ཁོ་ན་གཙོ་ཆེ་བའི་དབང་དུ་བྱས་ཏེ།དེ་ཡངརོ་མངར་བ་ནི་རྒྱུ་ས་ཆུ་གཉིས་ཤས་ཆེ་བ་ལས་སྐྱེ་ཞིང༌།དེ་ལྟ་བུ་བད་ཀན་མྱག་བྱེད་ས་ཆུའི་རང་བཞིན་ཅན་དང་འཕྲད་པའི་ཚེ་རྒྱུ་འབྱུང་བ་ནང་འཕྲད་པས་འབྲས་བུ་བད་ཀན་གྱི་ནད་བསྐྱེད་ཅེས་པ་ནི།

ནད་ཀྱི་①གཞུང་འདིའི་རྩོམ་པ་པོ་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ནི་ལྷོ་ཁ་ཡར་ཀླུངས་ཤར་གྱི་ཆ་ཤམ་པོ་གངས་ཀྱི་ཉེ་ལོགས་གཉན་པ་སའི་གྲོང་ཁྱེར་དར་མོ་ཞེས་པར་རབ་བྱུང་བཅུ་གཅིག་པའི་ས་སྟག་སྤྱི་ལོ༡༦༣༨ལོར་སྐུ་བལྟམས།སྐུ་ནར་སོན་ནས་ཉི་ཐང་སྤྲུལ་སྐུ་བློ་བཟང་རྒྱ་མཚོ་དང༌།དྲང་སྲོང་བསྟན་འཛིན་རྒྱལ་པོ་སོགས་སློབ་དཔོན་དུ་བསྟེན་ནས་གསོ་དཔྱད་ལ་མཁྱེན་པ་རབ་ཏུ་རྒྱས་ནས་ཀུན་མཁྱེན་ལྔ་བ་ཆེན་པོའི་བླ་སྨན་དུ་དབང་བསྐུར།གསོ་དཔྱད་ལག་ལེན་གྱི་སྙིང་བོ་ཐམས་ཅད་བསྡུས་ནས་མན་ངག་བཀའ་རྒྱ་མ་དང༌།བཤད་པའི་རྒྱུད་ཀྱི་ཚིག་འགྲེལ་གསེར་མཆན་རྣམ་བཀྲ་གན་མཛོད།ལེགས་བཤད་གསེར་གྱི་ཐུར་མ་སོགས་ཚད་ལྡན་གྱི་བསྟན་བཅོས་མང་པོ་མཛད།གཞན་ཕན་རྗེས་འཛིན་གྱི་སློབ་མ་མང་པོ་གསོ་སྐྱོང་གནང་སྟེ་གསོ་དཔྱད་བསྟན་པའི་སྙིང་པོ་ཕྱོགས་དུས་ཀུན་དུ་དར་རྒྱས་ཡུན་གནས་སུ་གྱུར་པར་མཛད།ཚན་བཤུས་འདི་ནི་རྣམ་བཀྲ་གན་མཛོད་ལས་དམིགས་བསལ་ཁྱད་ཆོས་ཡོད་པའི་རོ་ནུས་ཞུ་རྗེས་ཀྱི་སྐོར་བསྡུས་པ་ཡིན་ལ།འདིའི་ནང་སྨན་ཐམས་ཅད་ཀྱི་ཞུ་རྗེས་གསུམ་དུ་འདུ་བའི་རྒྱུ་མཚན་དང༌།རོ་ནུས་ཞུ་རྗེས་གསུམ་གྱི་ཁྱད་པར།རོའི་རྟེན་འབྱུང་བ་རྣམས་མ་བུ་དགྲ་གྲོགས་སུ་ཇི་ལྟར་གནས་ཚུལ་སོགས་གཞན་ལ་མེད་པའི་ཁྱད་ཆོས་ལྡན་པས་འདིར་བཀོད་པ་ཡིན།
 
ཟུག་རྔུ་བསྐྱེད་པ་ནི་མ་ཡིན་ཏེ་བད་ཀན་གྱི་མཚན་ཉིད་ལྦུ་བ་འབྱར་བག་ཅན་འཕེལ་བ་ཙམ་ལ་དགོངས་ཤིང༌།དེ་བཞིན་གཞན་གཉིས་ལ་ཡང་རིགས་འགྲེ་སྟེ།བད་ཀན་ཆེ་བ་ཟོས་མ་ཐོག་ཏུ་ལྡང༌།། མཁྲིས་པ་ཆེ་བ་འཇུ་བའི་དུས་སུ་ལྡང༌།།རླུང་ཤས་ཆེ་བ་ཞུ་མ་ཐག་ཏུ་ལྡང༌།།ཁམས་གསུམ་གཡོ་བ་དེ་ནི་དེ་ལྟའོ།།ཞེས་ཉེས་པ་གསུམ་པོར་རང་རང་གི་གནས་སུ་བསགས་ཏེ་ཚད་དུ་ལོངས་པའི་གནས་སྐབས་དང་འཕྲད་པར་གྱུར་ན་དེའི་ཚེ་ཟུག་རྔུ་ལྡང་ཞིང་བསྐྱེད་པར་བྱེད་པ་ཞིག་ནི་ཅི་ནས་ཀྱང་ཡོང་བས་ཤེས་པར་བྱའོ།།
 
གཉིས་པ།ཅུང་ཟད་ཕྲ་བར་བཤད་པ།
 
གཉིས་པ་ཅུང་ཟད་ཕྲ་བ་ནི།སྨན་ལ་སོགས་པ་གང་ཟོས་པ་དེ་རྣམས་ཀྱི་ཞུ་བའི་རྗེས་ནི་ཕོ་བར་གནས་པའི་མེ་དྲོད་རྣམ་པ་གསུམ་དང་འཕྲད་པའི་ལེས་བྱེད་ནི་བད་ཀན་མྱག་བྱེད་དང་མཁྲིས་པ་འཇུ་བྱེད་དང༌།རླུང་མེ་མཉམ་གྱི་རང་བཞིན་ཅན་གསུམ་པོ་དེ་དག་གིས་རིམ་པར་ཞུ་བའི་རྗེས་ནི་འདི་ལྟར་འབྱུང་སྟེ།ཅི་ལྟར་ཞེ་ན་མངར་བ་དང་ལན་ཚ་བ་གཉིས་ལས་དང་པོ་སྨན་ལ་སོགས་པའི་རོ་མངར་བ་ནི་རྒྱུ་འབྱུང་བ་ས་ཆུ་ལས་སྐྱེས་པས་འབྲས་བུའི་དུས་སུའང་དེ་ཉིད་ཤས་ཆེ་བ་དེ་བད་ཀན་མྱག་བྱེད་དང་རྒྱུའི་རང་བཞིན་རྗེས་སུ་མཐུན་ལ་དེ་བཞིན་དུ་ལན་ཚ་ནི་མེ་ལས་སྐྱེས་པས་ཆུའི་རང་བཞིན་མཐུན་པའི་ཡང་མེའི་ནུས་པ་ནི་མྱགས་བྱེད་ཀྱི་ཆུས་ཉམས་པར་བྱས་པས་ན་གཉིས་ཀའི་ཞུ་རྗེས་རང་གི་རྒྱུ་དང་མཐུན་པའི་གནས་ཀྱི་ཁྱད་པར་གྱིས་ཐོག་མའི་སྐབས་སུ་མངར་བར་ཞུ་ཞིང་མྱགས་བྱེད་ཀྱི་ལས་གཙོ་ཆེ་བའི་ཕྱིར་རོ།།ཡང་དེ་གཉིས་ཀ་འཇུ་བྱེད་དང་འཕྲད་པའི་ཚེ།མངར་བ་ཆུའི་རང་བཞིན་ནི་མེའི་དགྲ་ཡིན་ཡང་རང་གནས་སུ་རང་སྟོབས་ཆེ་བས་ཆུ་ནུས་མེས་ཉམས་ཏེ་ནུས་པ་མེད་པར་སོང༌།ས་ནི་མེའི་ཕ་ཡིན་པས་སྟོབས་ཆེར་ཡོང་བ་དང༌།ལན་ཚའི་ཆུ་ནུས་་ནི་གོང་དང་མཚུངས་ལ།མེ་ནུས་ནང་འཕྲད་ཀྱང་མེ་གཅིག་པུ་ལས་ནི་རོ་མི་སྐྱེ་ཡ།གནས་སྐབས་འདིར་ནི་མེ་ས་འཕྲད་པ་ལས་རོ་སྐྱུར་བར་ཞུ་ཞིང༌།དེ་བཞིན་དུ་མེ་མཉམ་དང་འཕྲད་པའི་ཚེར་རང་གནས་མྱགས་བྱེད་ལས་རིང་དུ་སོང་སྟེ་མངར་བ་རང་གི་རོ་ནི་མི་གསལ་དུ་འགྲོ་སྟེ།གཉིས་ཀའི་ཆུ་ནུས་ནི་འཇུ་བྱེད་ཀྱི་སྐབས་སུ་ཞི་བས་གནས་སྐབས་འདིར་ནི་རླུང་གི་ས་བོན་ཙམ་ཡང་ལྡང་མི་འཇུགསྟེ།མངར་བའི་ས་ནུས་ནི་རླུང་གིས་གཏོར་བས་རྒྱུ་མེད་དུ་སོང༌།ལན་ཚའི་མེ་ནུས་ནི་གྲོགས་དང་འཕྲད་པས་མེ་རླུང་གི་སྟོབས་ཆེར་སོང་སྟེ་ཞུ་རྗེས་ཚ་བ་ཙམ་ཞིག་སྐྱེ་བ་ཡང་ཡོད་དེ།ཇི་སྐད་དུ།རྫས་ཀྱི་ཞུ་བ་རྣམ་གསུམ་སྟེ།།མངར་སྐྱུར་ཚ་བའི་བདག་ཉིད་དོ།།ཞེས་བཤད་ཅིང༌།སྐྱུར་བའི་རྗེས་རོ་དང་མཚུངས་རྒྱུ་ནི་འཇུ་བྱེད་ཀྱི་གནས་སུ་བཤད་པ་ཡིན་པས།ཐོག་མར་བད་ཀན་མྱགས་བྱེད་དང་འཕྲད་པའི་དུས་སུ་ཅིར་འགྱུར་ཚུལ་འཆད་དགོས་པས།འདིའི་དགོངས་པ་ནི་སྐྱུར་བ་མེ་ས་ལས་བྱུང་བ་འབྲས་བུའི་དུས་སུའང་དེ་ཉིད་ཤས་ཆེ།དེ་མྱགས་བྱེད་ས་ཆུའི་རང་བཞིན་ཅན་དང་འཕྲད་པའི་དུས་སུ་སྐྱུར་བའི་མེ་ནུས་ཞི་སྟེ་མངར་བ་ཙམ་དུ་འཇུ་ཡང༌།སླར་ཡང་འཇུ་བྱེད་དང་འཕྲད་ཚེ་སྐྱུར་བའི་མེ་སྟོབས་རང་གི་ས་བོན་ལས་ལྡང་ཞིང༌།སྐྱུར་བའི་ས་ནུས་ནི་གནས་སྐབས་དེ་གཉིས་ཀར་མེ་ཉམས་ཤིང༌།མེའི་བུ་ཡང་ཡིན་པས་སྟོབས་འཕེལ་ཏེ།རྒྱུ་མེ་ས་ལས་འབྲས་བུ་སྐྱུར་བ་སྐྱེ་བར་གྲུབ་བོ།།
སྐྱུར་བ་དེ་ཉིད་སླར་མེ་མཉམ་དང་འཕྲད་པའི་ཚེས་ནུས་ནི་རླུང་གིས་གཏོར་ལ།མེ་ཡང་རང་སྟོབས་ཆུང་ནས་འཆི་བས་སྐྱུར་བའི་ཞུ་རྗེས་ཧ་ཅང་མི་གསལ་ལོ།།དེ་བཞིན་དུ་རོ་ཁ་ཚ་བསྐ་གསུམ་པོ་ཞུ་རྗེས་ཁ་བར་ཞུ་བའི་རྒྱུ་ནི་གནས་སྐབས་ཐ་མ་མེ་མཉམ་དང་འཕྲད་པའི་སྐབས་སུ་བཤད་པ་ཡིན་ཡང༌།དེ་གསུམ་པོའི་ནང་ནས་དང་པོ་རོ་ཁ་བ་ནི་རྒྱུ་ཆུ་རླུང་གིས་བསྐྱེད་པ་དེ་བད་ཀན་མྱགས་བྱེད་དང་འཕྲད་པའི་སྐབས་སུ་ཆུ་ནང་འཕྲད་ནས་ས་ཆུ་གཉིས་ཀས་རླུང་ལ་གནོད་པས་རང་སྟོབས་མི་གསལ་ལོ།།དེ་ནས་འཇུ་བྱེད་དང་འཕྲད་པའི་སྐབས་སུ་མེ་ཡིས་ཆུ་ནུས་ཉམས་ཤིང༌།རླུང་ས་བོན་ལས་ཀྱང་མི་ལྡང་བས་རང་སྟོབས་འདིར་ཡང་མི་ཐོན།དེ་ནས་མེ་མཉམ་དང་འཕྲད་པའི་སྐབས་སུ་རླུང་རང་གི་ས་བོན་ལས་ལངས་ཏེ་མ་བུ་འཕྲད་པས་ཆུ་ནུས་ཀྱང་ལྡང་སྟེ་ཆུ་རླུང་ལས་ཞུ་རྗེས་ཁ་བ་སྐྱེ་བར་གྲུབ།དེ་བཞིན་དུ་ཚ་བ་མེ་རླུང་གིས་བསྐྱེད་པ་བད་ཀན་མྱགས་བྱེད་དང་འཕྲད་པའི་སྐབས་སུ་ཚ་བའི་མེ་ནུས་ནི་མྱགས་བྱེད་ཀྱི་ཆུས་ཉམས།རླུང་ནི་དགྲ་གཉེན་གཉིས་ཀ་དང་འཕྲད་པས་བཏང་སྙོམས་སུ་ལུས་ཏེ་རང་སྟོབས་འདིར་ཡང་མི་གསལ།འཇུ་བྱེད་ཀྱི་སྐབས་སུ་མེ་རླུང་གི་ས་བོན་ལངས་ཏེ་མེ་ནུས་ནང་འཕྲད་དེ་ཧ་ཅང་སྟོབས་ཆེ་བས་རླུང་ནུས་བཅོམ་སྟེརང་སྟོབ་འདིར་ཡང་མི་གསལ།མེ་དང་འཕྲད་པའི་སྐབས་སུ་རླུང་རང་གི་ས་བོན་ལས་ལངས་ནས་མེ་སྟོབས་སྦར་བས་ཚ་བའི་ཞུ་རྗེས་ཚ་བ་སྐྱེ་བར་གྲུབ།དེ་བཞིན་དུ་བསྐ་བ་ས་རླུང་གིས་བསྐྱེད་པ་དེ་ཉིད་མྱག་བྱེད་དང་འཕྲད་པའི་སྐབས་སུ་ས་ནུས་ནང་འཕྲད་དེ་སྟོབས་ཆེ་བས་བསྐ་བའི་རླུང་ནུས་བཅོམ་སྟེ་རང་སྟོབས་མི་གསལ།འཇུ་བྱེད་སྐབས་སུ་བསྐ་བའི་ས་ནུས་ནི་མ་དང་འཕྲད་ལ།རླུང་ནི་བུ་དང་འཕྲད་པས་འཇུ་བྱེད་ཀྱི་མེ་སྟོབས་སྦར་བས་ས་མེ་ལས་སྐྱུར་བ་སྐྱེ་བར་མི་འགལ།དེ་ཉིད་མེ་མཉམ་དང་འཕྲད་པའི་སྐབས་སུ་བསྐ་བའི་ས་ནུས་ནི་རླུང་གིས་གཏོར།འཇུ་བྱེད་ཀྱི་གྲོགས་དང་བཅས་ཏེ་མེ་རླུང་ལས་ཞུ་རྗེས་ཚ་བར་སྐྱེ་བ་རིགས་པས་ཡང་དག་པར་གྲུབ་བོ།།དེ་ཡང་ཞུ་རྗེས་མངར་བའི་སྐབས་སུ་བད་ཀན་མྱགས་བྱེད་ཀྱི་ལས་གཙོ་ཆེ་བ་དང༌།སྐྱུར་བའི་སྐབས་སུ་འཇུ་བྱེད་ཀྱི་ལས་གཙོ་ཆེ་བ་དང༌།དེ་བཞིན་དུ་ཁ་བའི་སྐབས་སུ་མེ་མཉམ་གྱི་ལས་གཙོ་ཆེ་བའི་ཁྱད་པར་ཡོད་དེ།ཅིའི་ཕྱིར་ན་བད་ཀན་ཆེ་བ་ཟོས་མ་ཐག་ཏུ་ལྡང་བ་དང༌།མཁྲིས་པ་ཞུ་མ་ཐག་ཏུ་ལྡང་བ་དང༌།རླུང་ཞུ་དུས་ལྡང་བའི་རིགས་པས་སོ།།དེ་ཡང་ནི་མངར་དང་ལན་ཚའི་ཞུ་རྗེས་མངར།སྐྱུར་བའི་ཞུ་རྗེས་སྐྱུར་བ་ཡིན།།ཁ་དང་བསྐ་དང་ཚ་བ་གསུམ།།ཞུ་རྗེས་ཕལ་ཆེར་ཁ་བ་ཡིན།།ཞེས་པ་འདི་ཡང་གཞུང་ལུགས་ཆེན་པོ་འདི་གཉིས་ཀ་མཐུན་ཞིང༌།དེ་ཡང་དངོས་གཞི་དགོངས་པ་ཅན་དུ་གསུངས་པ་མང་སྟེ།ཅིའི་ཕྱིར་ན་ཕལ་ཆེར་ཞེས་པའི་སྒྲས་ནི་ཁ་ཅིག་ཏུ་འདིར་སྨྲོས་པ་དང་མི་མཐུན་པ་དག་ཀྱང་ཡོད་དེ།འབྲས་བུ་ལ་གནས་པའི་རོ་མངར་བ་ནི་ཞུ་བའི་རྗེས་སྐྱུར་བར་འགྱུར་བ་ཡང་ཡོད་ལ།མངར་བ་ཚ་བར་ཞུ་བ་ཡང་ཡོད།སྐྱུར་བ་མངར་བར་ཞུ་བ་ཡང་ཡོད་དེ།འབྲུ་ནི་མངར་ཡང་སྐྱུར་བ་ཉིད།།དེ་བཞིན་སེའུ་སྐྱུར་ཡང་མངར།ཏིལ་མར་ཁ་བར་འགྱུར་བ་དང༌།།པི་པི་ལིང་ཡང་ཁ་བར་འགྱུར།ཞེས་སོགས་གསུངས་པས་རོའི་རྗེས་སུ་ཞུ་རྗེས་དང་ནུས་པ་འབྲང་བའི་ཚུལ་ཡང་ཡོད་མོད་ཀྱི།ཞིབ་ཏུ་ན་མངར་བའི་ཞུ་རྗེས་སྐྱུར་བར་ཞུ་ནས་བད་མཁྲིས་བསྐྱེད་པ་དང༌།བསྐ་བའི་ཞུ་རྗེས་ཚ་བར་ཞུ་ནས་ནུས་པ་བསིལ་བ་དང༌།མངར་བའི་ཞུ་རྗེས་ཚ་བར་ཞུ་ནས་བད་མཁྲིས་བསྐྱེད་པ་དང༌།མངར་བའི་ཞུ་རྗེས་ཚ་ལ་ནུས་པ་བསིལབ་དང༌།ཚ་བའི་ཞུ་རྗེས་ཚ་བར་ཞུ་ནས་ཉེས་གསུམ་བསྐྱེད་པ་དང༌།ལན་ཚའི་ཞུ་རྗེས་ཚ་བར་ཞུ་ནས་དྲོད་བསྐྱེད་པ་དང༌།ལན་ཚའི་ཞུ་རྗེས་མངར་བར་ཞུ་ནས་བད་ཀན་འཕེལ་བར་བྱེད་པ་དང༌།ཚ་བའི་ཞུ་རྗེས་ཚ་བས་བད་རླུང་སེལ་བ་དང༌།
བསྐ་བའི་ཞུ་རྗེས་མངར་ནུས་པ་རྩུབ་པས་རོ་སོགས་མ་མཚུངས་ཀྱང་ཉེས་ཀུན་སེལ་བ་དང༌།བསྐ་བའི་ཞུ་རྗེས་ཚ་བར་ཞུ་ནས་བཅུད་ལེན་ལ་ཕན་པ་དང༌།ཚ་བའི་ཞུ་རྗེས་མངར་བར་ཞུ་ནས་བད་རླུང་སེལ་བར་བཤད་པ་ལྟ་བུ་བསམ་ལས་འདས་པ་ན།གནས་ཚོད་དུ་ཕོ་བའི་མེ་གསུམ་དང་སྨན་གྱི་རྒྱུ་རྐྱེན་རོ་ནུས་ཞུ་རྗེས་སོགས་མཐའ་གཅིག་ཏུ་མ་ངེས་པར་སྨན་གྱི་མཐུ་ཞེས་བྱ་བ་སྨན་རང་རང་རང་གི་རང་བཞིན་ཁོ་ན་གཙོ་ཆེ་བ་ཡིན་ཏེ།དེ་ལ་སྨན་ནི་བཟང་དང་ངན།ལ་ལ་རོ་ཡིས་ལས་བྱེད་ལ།།གཞན་དག་འཇུ་བས་བྱེད་པ་ཡིན།།ཡོན་ཏན་གཞན་དང་ནུས་པ་དང༌།།མཐུ་ཡིས་ལ་ལ་བྱེད་པ་ཡིན།།ཞེས་སོགས་གསུངས་པས་ཀྱང་རྟོགས་པར་ནུས་སོ།གཞན་ཡང་གོང་དུ་དང་པོར་རོ་དྲུག་ཟས་སྐོམ་གང་ཟོས་པ།།ཞེས་སོགས་ཕོ་བའི་མེ་དྲོད་གཙོ་བོར་འཆད་པའི་སྐབས་མྱགས་བྱེད་སོགས་དབང་བཙན་པར་མཛད་པ་དང༌།མངར་དང་ལན་ཚའི་ཞུ་རྗེས་མངར་བར་ཞུ་ཞེས་སོགས་སྨན་གྱི་རོ་གཙོ་ཆེར་འཆད་པའི་སྐབས་ཡིན་པས་རོ་སྐྱེ་བའི་རྒྱུ་བཙན་པར་མཛད་པ་དང༌།ཐ་མ་ནུས་སྦྱོར་གྱི་སྐབས་སུ་དོན་གྱི་གནས་ཚོད་གཙོ་བོར་མཛད་ནས་གསུངས་པའི་རྣམ་དབྱེ་རྣམས་ཡིད་ལ་ངེས་དགོས་ཏེ།ཕོ་བའི་མེ་དང་འཕྲད་པ་ལས།།གང་ཞིག་རོ་གཞན་འབྱུང་འགྱུར་བ།།རོ་རྣམས་ཀྱིས་ནི་མཐར་ཞུ་བ།།དེ་ནི་ཞུ་བ་ཞེས་བཤད་དེ།།ཞེས་དང༌།རྫས་ཀྱི་རོ་ནི་འབབ་པ་ན།།ལས་ཀྱི་མཐལ་ནི་ཞུ་བ་ཡིན།།ཇི་སྲིད་གནས་པའི་ཡོན་ཏན་ཏེ།།ནུས་པ་ལས་ནི་ཤེས་པར་འགྱུར།།ཞེས་འཇུ་ཚུལ་གྱི་རྒྱུ་མཚན་ནི་དེ་ལྟ་བུ་ཞིག་ཡིན་ལ། དེས་ན་སྔར་གོང་དུ་བཤད་པའི་ཞུ་བའི་རྗེས་མངར་སྐྱུར་ཁུ་བ་གསུམ་པོས་ནི།ཉེས་པ་རྣམ་པ་གསུམ་པོ་གཉིས་གཉིས་ཞུ་རྗེས་རེ་རེས་སེལ་བར་བྱེད་པ་ཡིན་ཏེ།དཔེར་ན་ཞུ་རྗེས་མངར་བས་ནི་རླུང་མཁྲིས་གཉིས་སེལ་བར་བྱེད་ལ།ཞུ་རྗེས་སྐྱུར་བས་ནི་བད་རླུང་གཉིས་སེལ་ལ།ཞུ་རྗེས་ཁ་བས་ནི་བད་མཁྲིས་གཉིས་སེལ་བར་བྱེད་པ་ཡིན་ནོ།
 
གསུམ་པ།དམིགས་བསལ་ཤིན་ཏུ་ཕྲ་བར་བཤད་པ།
 
གསུམ་པ་དམིགས་བསལ་ཤིན་ཏུ་ཕྲ་བར་བཤད་པོས་དངོས་བསྟན་དང་ཤུགས་བསྟན་གཉིས་ལས།དང་པོ།དངོས་བསྟན་ནི།དང་པོ་ནི།འོ་མ་ཕལ་ཆེར་ཞུ་རྗེས་མངར་སྣུམ་ཞིང་མདངས་བསྐྱེད་ལུས་ཟུངས་འཕེལ།།རླུང་དང་མཁྲིས་སེལ་རོ་བཙའ་བྱེད།།བད་ཀན་བསྐྱེད་ལྕི་བསིལ་བ་ཡིན།།ཞོ་ནི་རོ་དང་ཞུ་རྗེས་སྐྱུར།རྟུག་སྐེམ་ལྕི་ལ་རླུང་ནད་སེལ།།བུ་རམ་ཤིང་ཁུ་འཁྲུ་ལྕི་སྣུམ།།ཤ་བསྐྱེད་རོ་བཙའ་བད་གཅིན་འཕེལ།།བསིལ་ཞིང་ཁྲག་མཁྲིས་སེལ་བ་དང༌།རོ་དང་ཞུ་རྗེས་མངར་བ་ཡིན།།ཆང་ནི་དྲོད་འབར་ཡི་ག་འབྱེད།།རྣོ་ཞིང་དྲོད་བསྐྱེད་ཁོང་བརྟས་དགའ།མངར་བཅས་ཁ་ཞིང་ཚ་བ་དང༌།།ཞུ་རྗེས་སྐྱུར་ཞིང་ཅུང་ཟད་འཁྲུ།ཞེས་སོགས་སྨན་སོ་སོའི་རོ་ནུས་ཞུ་རྗེས་ནི་རྐྱང་སེལ་གྱི་སྐབས་སུ་འཆད་དོ།
གཉིས་པ།ཤུགས་བསྟན་ནི།གོང་དུ་ཆུ་མ་རྩི་ལ་སོགས་པ་ཡི།ལྡན་པའི་རོ་རྣམས་དེ་ལས་བསྒྲེས་ཏེ་དཔྱད།།ཅེས་གསུངས་པའི་རིགས་པས་རྐྱང་བའི་རོ་དྲུག་གི་ཞུ་རྗེས་དེ་ལྟར་འབྱུང་བ་ལས་རྗེས་སུ་དཔགས་པས་སྨན་གཅིག་ལ་རོ་དྲུག་ཀ་དང་ལྡན་པ་དང༌།ལྔ་ལྡན་བཞི་ལྡན་གསུམ་ལྡན་གཉིས་ལྡན་ལྟ་བུ་དང༌།རོའི་སྟོབས་ཀྱིས་སྦྱོར་བ་ཇི་སྙེད་ཅིག་ཡོད་པ་རྣམས་ཀྱི་ཞུ་རྗེས་ཀྱང་ཤེས་པར་བྱ་དགོས་ཏེ།འདིར་ཡང་སྔར་བཤད་པ་དང་འདྲ་བར་སྤྱིར་བཏང་དུ་ཕོ་བར་གནས་པའི་བད་མཁྲིས་རླུང་གསུམ་གྱི་ཁམས་གཙོ་ཆེ་བའི་དབང་དུ་བྱས་ནས་དུས་ལ་ལྟོས་པའི་ཞུ་རྗེས་གསུམ་དང༌།ཅུང་ཟད་དམིགས་ཀྱིས་བསལ་བ་མྱགས་བྱེད་སོགས་ཀྱི་ཁམས་དང༌།རོ་རྣམས་ཀྱི་ཁམས་ཕན་ཚུན་འཕྲད་པ་གཙོ་ཆེ་བའི་དབང་དུ་བྱས་ནས་ཞུ་རྗེས་གསུམ་སོ་སོར་འབྱུང་ཚུལ་དང༌།ཤིན་ཏུ་དམིགས་བསལ་གྱིས་བསལ་བ་སྨན་དང་རང་རར་གི་མཐུ་ཉིད་གཙོ་ཚེ་བར་དོན་ལ་གནས་པ་ལྡན།མྱགས་བྱེད་སོགས་དང་རོའི་ཁམས་གང་ལའང་མ་ལྟོས་པར་ཞུ་རྗེས་གསུམ་རང་སྟོབས་ཀྱིས་འབྱུང་བའི་ཚུལ་ལས་ནམ་ཡང་འདའ་བ་མེད་ལ།དེ་བཞིན་དུ་སྦྱར་བའི་ཁྱད་པར་ལས་བྱུང་བའི་སྨན་ཞི་སྦྱང་གི་སྦྱོར་སྡེ་རེ་རེ་བ་རྣམས་ཀྱི་ཞུ་རྗེས་ཀྱང་མཚུངས་མོད།འོན་ཏུ་ཟིན་ཀྱང་ཞི་སྦྱང་གི་སྨན་མཐའ་དག་ཀུན་ཀྱང་འོག་ནས་ནུས་པ་སོ་སོར་བཤད་པའི་སྐབས་བཞིན་རྫས་དང་རང་གི་ནུས་པ་གནས་ཚོད་དང་མཐུ་སྟོབས་ཆེ་བའི་དབང་དུ་བྱས་ནས་ནུས་སྟོབས་འབའ་ཞིག་ཏུ་སྦྱར་བ་ཡིན་པས་དཔྱད་པ་སྔ་མ་གཉིས་ཀྱི་དབང་དུ་ཅུང་ཟད་མི་འགྲོ་བར་དཔྱད་གསུམ་པ་ཤིན་ཏུ་དམིགས་ཀྱིས་བསལ་བ་ཁོ་ན་ལྟར་དོན་ལ་གནས་པ་ཡིན་ཏེ།སྤྱིར་བཏང་བ་ལ་དམིགས་ཀྱིས་བསལ།།བསྟན་བཅོས་ཀུན་ལ་རབ་ཏུ་གཅེས།།ཞེས་གསུངས་པ་ལྟར་སོ།
 
བཞི་པ།ཞུ་རྗེས་མདོར་བསྡུས་སུ་བསྟན་པ།
 
ཞུ་རྗེས་མདོར་བསྡུས་སུ་བསྟན་པ་ལ།ཞུ་རྗེས་ཕོ་བའི་མེ་དང་འཕྲད་པའི་ཞེ།མངར་དང་ལན་ཚ་གཉིས་ལས་མངར་བ་ནི།།ས་ཆུ་ལས་སྐྱེས་འབྲས་བུའི་དུས་ན་ཡང༌།།དེ་ཉིད་ཤས་ཆེ་མྱགས་བྱེད་ཆེས་མཐུན་ཡང༌།།མེ་ཉིད་མྱགས་བྱེད་ཆུས་ཉམས་བྱས་པས་ན།། གཉིས་ཀའི་ཞུ་རྗེས་མངར་བ་ཉིད་དུ་གྲུབ།།དེ་བཞིན་འཇུ་བྱེད་ཉིད་དང་འཕྲད་པའི་ཞེ།མངར་བ་ས་ཡི་རང་བཞིན་མེ་བུ་ལ།།ཆུ་ནི་མེ་དགྲ་ཡིན་ཡང་རང་གནས་སུ།།རང་སྟོབས་ཆེ་བས་ཆུ་ནུས་ཞི་མི་གསལ།།དེ་བཞིན་ལན་ཚའི་ཆུ་ནུས་གོང་དང་འདྲ།།མེ་ནུས་ནང་འཕྲད་གྱུར་ཀྱང་མེ་གཅིག་པུས།།རོ་མི་སྐྱེ་སྟེ་དེ་བཞིན་མེ་མཉམ་དང༌།།འཕྲད་ཚེ་རང་གནས་མྱགས་བྱེད་ཉིད་ལས་ནི།།རིང་དུ་སོང་བས་མི་གསལ་དུ་འགྲོ་སྟེ།།མངར་བའི་ཆུ་ནུས་འཇུ་བྱེད་སྐབས་ཞི་བས།།རླུང་གི་ས་བོན་ཙམ་ཡང་ལྡང་མི་འཇུག།ས་ནུས་རླུང་གིས་གཏོར་བས་རྒྱུ་མེད་སོང༌།།ལན་ཚའི་ཆུ་ནུས་གོང་དང་མཚུངས་ངེས་ལ།།མེ་རླུང་ནུས་པ་སྟོབས་ཆེར་སོང་བ་སྟེ།།ཞུ་རྗེས་ཚ་བ་ཙམ་ཞིག་སྐྱེད་ཡོད་དེ།།སྐྱུར་བའི་ཞུ་རྗེས་རོ་དང་མཚུངས་རྒྱུ་ནི།།འཇུ་བྱེད་ཉིད་ཀྱི་སྐབས་སུ་བཤད་མོད་ཀྱང༌།།དང་པོར་མྱགས་བྱེད་ཉིད་དང་འཕྲད་པའི་ཚེ།སྐབས་དེར་འགྱུར་ཚུལ་ཉིད་ཀྱང་འཆད་དགོས་ཏེ།།དགོངས་གཞི་སྐྱུར་བ་མེ་ས་ལས་བྱུང་སྟེ།།འབྲས་བུའི་དུས་ན་དེ་ཉིད་ཤས་ཆེ་བ།།མྱག་བྱེད་ས་ཆུའི་རང་བཞིན་དང་འཕྲད་དུས།།མེ་ནུས་ཞི་སྟེ་མངར་བ་ཙམ་འཇུ་ཡང༌།།སླར་ཡང་འཇུ་བྱེད་ཉིད་དང་འཕྲད་པའི་ཞེ།མེ་སྟོབས་རང་གི་ས་བོན་ལས་ལྡང་ཞིང༌།།ས་སྟོབས་གནས་སྐབས་གཉིས་ཀར་མི་ཉམས་ཏེ།།མེ་ཡི་བུ་ཡང་ཡིན་པས་སྟོབས་འཕེལ་ཏེ།།ས་མེ་ལས་ནི་ཞུ་རྗེས་སྐྱུར་བར་གྲུབ།།སླར་ཡང་མེ་མཉམ་ཉིད་དང་འཕྲད་དུས་སུ།།ས་ནུས་ཉིད་ནི་རླུང་གིས་གཏོར་བ་དང༌།།མེ་ཡང་རང་སྟོབས་ཆུང་ན་འཆི་བས་ན།།ཞུ་རྗེས་ཉིད་ཀྱང་ཧ་ཅང་མི་གསལ་ལོ།།ཁ་ཚ་བསྐ་གསུམ་ཉིད་ལས་ཁ་བ་ནི།།ཆུ་རླུང་གིས་བསྐྱེད་མྱགས་བྱེད་འཕྲད་སྐབས་སུ།ཆུ་ནང་འཕྲད་དེ་ས་ཆུ་གཉིས་ཀ་ཡིས།།རླུང་ལ་གནོད་པས་རང་སྟོབས་མི་གསལ་ལོ།།དེ་ནས་འཇུ་བྱེད་ཉིད་དང་འཕྲད་པའི་ཚེ།།མེ་ཡིས་ཆུ་ནུས་སྐེམ་ཤིང་རླུང་གིས་ནི།།ས་བོན་ལས་ཀྱང་ལྡང་བར་མི་ནུས་པས།།དེ་བཞིན་རང་སྟོབས་འདིར་ཡང་མི་འཐོན་ནོ།དེ་ནས་མེ་མཉམ་ཉིད་དང་འཕྲད་པའི་དུས།།།རླུང་གི་ས་བོན་ཉིད་ལས་ལངས་པས་ན།།བུ་དང་འཕྲད་པས་ཆུ་ནུས་ཉིད་ལྡང་སྟེ།།ཆུ་རླུང་ཉིད་ལས་ཞུ་རྗེས་ཁ་བར་གྲུབ།།ཚ་བ་མེ་རླུང་གིས་བསྐྱེད་མྱགས་བྱེད་དང༌།།འཕྲད་དུས་མེ་ནུས་མྱགས་བྱེད་ཆུས་ཉམས་ཏེ།།རླུང་གི་དགྲ་གཉེན་གཉིས་ཀ་དང་འཕྲད་པས།།བཏང་སྙོམས་ཉིད་དེ་རང་སྟོབས་མི་གསལ་ལོ།།འཇུ་བྱེད་སྐབས་སུ་མེ་ཡི་ས་བོན་ལས།།ལངས་ཏེ་མེ་ནུས་ནང་འཕྲད་སྟོབས་ཆེ་བས།།རླུང་གི་ནུས་པ་ཉིད་བཅོམ་མི་གསལ་ལོ།།མེ་མཉམ་དུས་སུ་རླུང་གིས་ས་བོན་ལས།།ལངས་ཏེ་དེ་གཉིས་ལས་ནི་མེ་ཡི་སྟོབས།། སྦར་བས་ཞུ་རྗེས་ཉིད་ཀྱང་ཚ་བར་གྲུབ།།བསྐ་བ་ས་རླུང་གིས་བསྐྱེད་མྱགས་བྱེད་དུས།།ས་ནུས་ནང་འཕྲད་རླུང་ནུས་བཅོམ་མི་གསལ།། འཇུ་བྱེད་དུས་ནི་ས་ནི་མ་དང་འཕྲད།།རླུང་ནི་བུ་དང་འཕྲད་པས་མེ་སྟོབས་སྦར།ས་མེ་ལས་ནི་སྐྱུར་སྐྱེ་མི་འགལ་ལོ།།མེ་མཉམ་དུས་སུ་རླུང་ནུས་ནང་འཕྲད་པས།།རླུང་གིས་ས་ནུས་གཏོར་ནས་འཇུ་བྱེད་ཀྱི།།ཤུགས་དང་བཅས་པ་མེ་རླུང་ཉིད་ལས་ནི།།ཞུ་རྗེས་ཚ་བར་རིགས་པས་ཡང་དག་གྲུབ།།དེ་ཡང་འགྲེལ་བ་ཟླ་བའི་འོད་ཟེར་ལས།། ཕོ་བའི་མེ་དང་འཕྲད་པའི་ཚེ།གང་ཞིག་རོ་གཞན་འབྱུང་འགྱུར་བས། རོ་རྣམས་ཀྱིས་ནི་མཐར་ཞུ་བ།དེ་ནི་ཞུ་བ་ཞེས་བཤད་དོ།ཞེས་གསུངས་དགོངས་དོན་རིག་པའི་མདའ་ཡིས་བསྣུན།།
(མཁའ་འགྲོ་སྐྱབས)
 
བསམ་གཞིགས།
༡སྨན་ཀུན་གྱི་ཞུ་རྗེས་བསྡུས་ན་རོ་གསུམ་དུ་འདུ་བའི་རྒྱུ་མཚན་ཅི།
༢གཉེན་པོ་སྨན་གཅིག་གི་སྟེང་དུ་རོ་ནུས་ཞུ་རྗེས་གསུམ་ག་ཚང་བ་ཡོད་དམ།
༣རོའི་ནུས་པ་དང༌།ནུས་པའི་ནུས་པ།ཞུ་རྗེས་ཀྱི་ནུས་པ་གསུམ་ལ་ཁྱད་པར་ཅི་ཞིག་ཡོད།
༤ཞུ་རྡེས་སྐབས་ཀྱི་རོའི་འབྱུང་བ་རྣམས་མ་བུ་དགྲ་གྲོགས་སུ་འགྱུར་ཚུལ་ཇི་ལྟར་ཡིན།
༥རོ་ལྡན་པའམ་འདུས་པའི་སྨན་གྱི་སྦྱོར་བ་ཇི་སྙེད་ཙིག་ཡོད་པ་དེ་རྣམས་ཀྱི་ཞུ་རྗེས་ཇི་ལྟར་ཤེས་དགོས།
 
ས་བཅད་གཉིས་པ།རོའི་ཁྱད་པར་བཤད་པ།
 
དང་པོ།ནུས་སྟོབས་ཡོན་ཏན་ཐམས་ཅད་རོ་ལ་བརྟེན་ཚུལ།
 
རོའི་ཁྱད་པར་བཤད་པ་ལ་ནུས་སྟོབས་ཡོན་ཏན་ཐམས་ཅད་རོ་ལ་བརྟེན་ཚུལ་དང༌།རོ་སོགས་མི་མཐུན་པ་འབྱུང་བའི་རྒྱུ་མཚན་དང༌།དེ་ཉིད་མཐུན་དགོས་པར་གདམས་པ་དང་གསུམ་ལས།དང་པོ་ནི།སྔར་བཤད་མ་ཐག་པའི་ནུས་སྟོབས་ཡོན་ཏན་དེ་དག་རྣམས་ཀྱང་ཕལ་ཆེར་ནི་རོ་དྲུག་པོ་ལས་རྗེས་སུ་འབྱུང་བ་ཡིན་ཏེ།རོ་དེ་ཡང་ནི།ས་ཆུ་མེ་རླུང་ལ་སོགས་པའི་འབྱུང་བ་རྣམས་ལ་བརྟེན་ནས་བྱུང་བ་ཡིན་པ་དེའི་ཕྱིར་ཡོན་ཏན་ལྕི་སྣུམ་ཡང་རྩུབ་ལ་སོགས་པ་ནི་རོ་དྲུག་པོ་དེ་ལས་འབྱུང་བ་ཡིན་ཏེ།སྨན་གྱི་ཡོན་ཏན་ལྕི་སོགས་དང༌།།རོ་ནི་ས་ལ་སོགས་བརྟེན་པས།།མཚུངས་པར་སྤྱོད་པ་ཉེར་གདམས་པས།།རོ་ལས་མིང་དུ་བཏགས་པ་ཡིན།།ཞེས་བྱ་བ་དེ་ལྟ་བས་ན་རོ་དྲུག་ཏུ་གསུངས་པའི་ནང་ནས་རོ་ལན་ཚ་བ་དང༌།བསྐ་བ་དང༌།མངར་བ་དང་བཅས་པའི་རྣམ་པ་གསུམ་པོ་འདི་ནི།རིམ་པ་བཞིན་དུ་ལན་ཚ་བ་ལས་བསྐ་བ་ལྕི།བསྐ་བ་ལས་མངར་བ་ཤིན་ཏུ་ལྕི་བ་དང༌།དཔེ་དེ་བཞིན་དུ་ལན་ཚ་སྐྱུར་མངར་གསུམ་པོ་ནི་རིམ་བཞིན་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྣམས་སྣུམ་པ་ཡིན་ནོ།དེ་བཞིན་དུ་རོ་བསྐ་བ་དང༌།ཁ་བ་དང༌།མངར་བ་དང་གསུམ་པོ་འདི་ནི་རིམ་པ་བཞིན་སྔ་མ་ལས་ཕྱི་མ་ཉིད་ཤིན་ཏུ་བསིལ་བ་དང༌།ཁ་བསྐ་མངར་རྣམས་ནི་རིམ་པ་ལྟར་རྟུལ་བ་དང༌།སྐྱུར་ཚ་ཁ་བ་རྣམ་པ་གསུམ་པོ་ནི་རིམ་བཞིན་ནུས་པ་ཡང་ལ་རྩུབ་པ་ཤས་ཆེ་བ་དང༌།ཚ་སྐྱུར་ལན་ཚ་རྣམ་པ་གསུམ་པོའི་ནུས་པ་ཚ་ལ་རྣོ་བའི་གོ་རིམ་དང་ལྡན་པ་ཡིན་ནོ།དེ་ལྟར་བཤད་མ་ཐག་པ་དེ་རྣམས་ནི་གཞུང་འདི་ཉིད་ཟབ་ཅིང་དགོངས་གཞི་དགོངས་པ་ཅན་དུ་གསུངས་པ་མང་བས་རང་གིས་མ་གོ་བ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་གྱི་བློས་བཤད་ན་མི་རུང་བས་འདིར་འབྲུ་བསྣོན་ཙམ་དུ་བྱས་པ་ཡིན་གྱིས།ལར་རོ་ནུས་ཞུ་རྗེས་མཐུན་པའི་དབང་དུ་བྱས་ན་འདི་ལྟར་ཉམས་སུ་ལེན་པར་རིགས་ཏེ།སྐྱུར་དང་ལན་ཚ་མངར་གསུམ་རིམ་བཞིན་ལྕི།དེ་བཞིན་མངར་སྐྱུར་ལན་ཚ་སྣུམ་པ་ཡིན།།
བསྐ་མངར་ཁ་བསིལ་ཁ་བསྐ་མངར་བ་རྟུལ།།སྐྱུར་ཁ་ཚ་བ་རྣམ་གསུམ་ཡང་ལ་རྩུབ།།ལན་ཚ་སྐྱུར་ཚ་རྣམ་གསུམ་ཚ་ལ་རྣོ།ཞེས་པ་ལྟར་བྱས་ན་གོ་བ་དང་མཐུན་ཞིང༌།དེས་ན་གོང་གི་ནུས་སྟོབས་ཡོན་ཏན་གྱི་སྐབས་ཐམས་ཅད་དུ་བརྟེན་པ་རྒྱུའི་ས་སྨན་གྱི་ཡོན་ཏན་དྲུག་དང༌།ཆུ་སྨན་གྱི་དྲུགམེ་སྨན་གྱི་བདུན།རླུང་སྨན་གྱི་དྲུག་རྣམས་ཕན་ཚུན་འཕྲད་པ་ལ་བརྟེན་ནས་རྟེན་པ་འབྲས་བུ་འབྱུང་བ་དེ་ཡང༌།དཔེར་ན་རོ་ནི་མངར་སྐྱུར་ལན་ཚ་ཁ་ཚ་བསྐ།།གོ་རིམ་བཞིན་དུ་འཚོ་བྱེད་སྟོབས་ཆེན་ཡིན།།ཞེསབྱའི་རིགས་པས་ཕྱི་མ་བསྐ་བ་ལས་སྔ་མ་ཚ་བ་དང་ཁ་བ་དང་ལན་ཚ་བ་དང་སྐྱུར་བ་དང་མངར་བའི་བར་དུ་ཡོན་ཏན་གྱི་སྟོབས་རིམ་པ་བཞིན་དུ་ཆེ་བར་གསུངས་པས་འདིར་ཡང་འཁྱེར་བདེ་བར་ཚིགས་སུ་བཅད་ན་འདི་ལྟར་རོ།མངར་བས་ས་ཆུ་གཉིས་འཕྲད་ཡོན་ཏན་ནི།།ལྕི་རྟུལ་བསིལ་སླ་བརྟན་སྣུམ་འཇམ་མཉེན་བརྒྱད།།དེ་ཡང་སྔ་ཕྱིའི་ཡོན་ཏན་ཆེ་ཆུང་ནི།།ལྰི་བཅུ་རྟུལ་བདུན་བསིལ་སླ་བརྟན་གསུམ་ལྔ།།སྣུམ་བཞི་འཇམ་གསུམ་མཉེན་པ་ཡོན་ཏན་གཅིག།དེ་བཞིན་སྐྱུར་བ་མེ་ས་ལས་གྲུབ་པ།།ཚ་སྐམ་སྣུམ་བརྟན་ལྕི་རྣོ་རྩུབ་པ་བདུན།།དེ་ཡང་ཚ་བདུན་སྐམ་དྲུག་སྣུམ་བརྟན་བཞི།།ལྕི་གསུམ་རྣོ་གཉིས་རྩུབ་པ་ཡོན་ཏན་གཅིག།ལན་ཚ་ཆུ་མེ་ལས་གྲུབ་ཡོན་ཏན་ནི།།སྣུམ་རྩུབ་རྣོ་ཚ་ལྕི་སླ་མཉེན་གཡོ་བརྒྱད།།དེ་ཡང་སྣུམ་རྩུབ་བཞི་བཞི་རྣོབ་གསུམ།།ཚ་གཉིས་ལྕི་སླ་མཉེན་གཡོ་རེ་རེའོ།ཁ་བ་ཆུ་རླུང་ལས་གྲུབ་ཡོན་ཏན་ནི།།བསིལ་སླ་རྟུལ་རྩུབ་ཡང་མཉེན་དྲུག་དང་ལྡན།།བསིལ་བདུན་སླ་ལྔ་རྟུལ་རྩུབ་གསུམ་གསུམ་སྟེ།།ཡང་བ་གཉིས་ལ་མཉེན་པ་ཡོན་ཏན་གཅིག།ཚ་བ་མེ་རླུང་ལས་གྲུབ་ཡོན་ཏན་ནི།།ཡང་རྩུབ་སྐམ་གཡོ་རྣོ་ཚ་དྲུག་དང་ལྡན།།ཡང་དགུ་(བཅུ)རྩུབ་བདུན་སྐམ་གཡོ་རྣོ་གསུམ་དྲུག།ཚ་ལྔ་ཡོན་ཏན་གོ་རིམ་བཞིན་དུ་བཞག།བསྐ་བ་ས་རླུང་ལས་གྲུབ་ཡོན་ཏན་ནི།།གྲང་རྟུལ་སྐམ་པ་གསུམ་དང་ལྡན་པ་སྟེ།།གྲང་རྟུལ་བཞི་བཞི་སྐམ་པ་ཡོན་ཏན་གཉིས།།དེ་དག་ཡོན་ཏན་ལྔ་རིམ་བཞག་པས་ཤེས།།
 
གཉིས་པ།རོ་སོགས་མི་མཐུན་པ་འབྱུང་བའི་རྒྱུ་མཚན།
 
གཉིས་པ་རོ་སོགས་མི་མཐུན་པའི་རྒྱུ་མཚན་ནི།རོ་ནུས་ཞུ་རྗེས་ལ་སོགས་པ་མ་བཅོས་པ་གང་ཡིན་པ་དེ་ཡང་ནི་སྟོབས་ཤིན་ཏུ་ནས་ཆེ་བ་ཅན་ཡིན་ཏེ།དཔེར་ན་རོ་མངར་བ་ལྟ་བུའི་ཞུ་རྗེས་ཀྱང་མངར་བར་ཞུ་བ་ནུས་པ་ཡང་ལྕི་རྟུལ་བསིལ་སླ་བརྟན་འཇམ་མཉེན་སོགས་རོ་ནུས་ཞུ་རྗེས་མཐུན་པ་སྟེ།དེ་ལྟ་བུ་ནི་རོ་གང་ལ་ཡོད་ཀྱང་སྟོབས་ཤིན་ཏུ་ནས་ཆེ་བ་ཡིན་ལ།གལ་ཏེ་རོ་ནུས་ཞུ་རྗེས་གསུམ་ཀ་མཉམ་དུ་ཟིན་ཀྱང༌།ནུས་པ་སོ་སོའི་རྟེན་འབྱུང་བ་ལྔ་པོ་ཤས་ཆེ་ཆུང་གི་སྟོབས་དང༌།འབྱུང་འགྱུར་ཡང་སྨན་སོ་སོའི་གསར་རྙིང་སྣ་ཚོགས་པ་ལས་གྱུར་པ་དང༌།ཐང་ཕྱེ་ལ་སོགས་པ་སྦྱར་བའི་དབང་ལས།མཐར་ཐུག་གི་ནུས་པ་ཆེ་ཆུང་དང།ཕན་གནོད་སྣ་ཚོགས་འབྱུང་བར་གྱུར་བ་ཡིན་ཏེ།དེས་ན་རོ་དང་ནུས་པ་ཞུ་རྗེས་གསུམ་མི་མཐུན་ན་གང་གི་མཐུན་པ་དེའི་སྨན་འོག་མས་གོང་མ་དེ་ཉིད་ཟིལ་གྱིས་གནོན་པར་འགྱུར་བ་ཡིན་ཏེ།སྨན་གྱི་རོ་སོགས་གང་དང་གང༌།།སྟོབས་ལྡན་ཉིད་ཀྱིས་གནས་བྱེད་དེ།།ཤིན་ཏུ་ཟིལ་མནན་དེ་དང་དེའི།། སྒྲུབ་བྱེད་རྒྱུ་ནི་ཉིད་དུ་གནས།།ཞེས་བྱ་བ་སྨན་གྱི་རིགས་སུ་གཏོགས་པའི་རོ་ནུས་པ་དང༌།འཇུ་བ་དང༌།མཐུ་རྣམས་གང་དང་གང་ཡིན་པ་དེ་དག་གི་ནང་ནས་སྟོབས་དང་ལྡན་པ་དེ་ཉིད་ཀྱིས་སྨན་ལ་གནས་པར་བྱེད་པ་དེས་ནི་སྨན་གྱི་རིགས་དེ་ཤིན་ཏུ་ཟིལ་གྱིས་མནན་ཅིང་སྟོབས་ཆུང་བ་གཞན་དག་ཕམ་པར་བྱས་ནས་གནས་པ་དེ་དང་དེ་ནི་བྱ་བ་གང་སྒྲུབ་པར་བྱེད་པ་ཡིན་ནོ།།དེ་ཡང་ནི་རོ་ཡིས་འདི་བྱས་སོ།།ནུས་པས་ནི་འདི་བྱས་སོ།།སྟོབས་ཀྱིས་ནི་འདི་བྱས་སོ་ཞེས་བྱ་བ་ལྟ་བུའོ།།དོན་འདི་ཉིད་ཀྱིས་དཔེར་བརྗོད་བསྡུས་པ་ལས།སྤྲོས་ཏེ་བཤད་པ་འདིར་བསྟན་པ་ཡིན་ལ། གང་འདི་ལྟར་རོ་ལ་སོགས་པའི་རིགས་སུ་གཏོགས་པས་རོ་གཞན་དག་ལ་སྟོབས་དང་ལྡན་པར་གནས་ཤིང་དེ་དང་དེ་ཉིད་ཤིན་ཏུ་ཟིལ་གྱིས་མནན་ནས་བསྒྲུས་པའི་རྒྱུ་ཉིད་དུ་བྱེད་ཀྱི་རང་དང་གཞན་གྱི་སྟོབས་ཀྱིས་སྨན་ལ་རྣམ་པར་གནས་དང།སྟོབས་དང་ལྡན་པ་དང་སྟོབས་ཆུང་བ་དང་གཉིས་ཀའི་ཚུལ་གྱིས་རང་རང་གི་ལས་བྱེད་པ་ཡིན་པས་ན་དེའི་ཕྱིར་འདི་བསྟན་པར་བྱ་བའི་ཕྱིར་སྨྲས་པ་ནི།ཡོན་ཏན་མི་འཕྲོད་སྦྱར་བ་ནི།།མང་བས་ཉུང་ངུ་ཟིལ་གྱིས་གནོན།། ཞེས་བྱ་བ་ལ།གང་གི་ཡོན་ཏན་མི་འཕྲོད་པ་དག་སྦྱར་ཞིང་བསྲེས་པ་ན།མང་པོ་སྟོབས་དང་ལྡན་ཞིང་ཆུང་ངུ་ཟིལ་གྱིས་གནོན་ཅིང་རྒྱལ་བར་བྱེད་དེ།།ཡོན་ཏན་མི་འཕྲོད་ཅེས་བྱ་བ་འདིར་ནི་རྫས་མི་འཕྲོད་པའི་སྦྱོར་བ་ལ་བྱ་ཡི་ཡོན་ཏན་མི་འཕྲོད་པ་ཉིད་དུ་ནི་སྨྲ་བར་རིགས་པ་མ་ཡིན་ནོ།།དེ་ཡང་དྲང་སྲོང་ཙ་ར་ཀས་བཤད་པ།སྦྱོར་བ་ནི་རྫས་གཉིས་སམ་མང་པོ་སྦྱར་བ་ཡིན་ལ།དེ་ཡང་མི་འཕྲོད་པ་ནི་གཉིས་ཏེ།རང་བཞིན་མི་འཕྲོད་པ་དང་འབྲས་བུ་མི་འཕྲོད་པའོ།རང་བཞིན་མི་འཕྲོད་པ་ནི།དཔེར་ན་སྨན་ཡང་བ་དང་ལྕི་བ་སྦྱར་བ་དང༌།ཚ་བ་དང་བསིལ་བ་སྦྱར་བ་ལ་སོགས་པའོ། འབྲས་བུ་མི་འཕྲོད་པ་ནི་དཔེར་ན་རླུང་གི་ནད་སེལ་བའི་ཕྱིར་སྨན་རྩུབ་པ་དང་དྲོ་བ་ལྷན་ཅིག་སྦྱར་བ་དང༌།དེ་བཞིན་དུ་བསིལ་བ་དང་དྲོ་བ་ལྷན་ཅིག་སྦྱར་བ་ལ་སོགས་པའོ།།དེ་ལྟར་ན་རང་བཞིན་གྱིས་ཡོན་ཏན་མི་འཕྲོད་པའི་སྨན་གྱི་སྦྱོར་བ་དང༌།དེ་བཞིན་དུ་འབྲས་བུ་མི་འཕྲོད་པའི་སྨན་གྱི་སྦྱོར་བ་ཕན་ཚུན་རིགས་མི་མཐུན་པའི་སྦྱོར་བ་དེ་ལ་ནི་གང་རྫས་ཀྱི་རིགས་མང་པོས་ཟིལ་གྱིས་མནན་ནས་དེ་ཉིད་རྒྱུ་ཉིད་དུ་སྒྲུབ་པར་བྱེད་པ་གནས་པར་མཐོང་ངོ༌།།དེ་ཡང་དཔེར་ན་སྦྲང་རྩི་ནི་མངར་དུ་ཟིན་ཀྱང་བད་ཀན་ཞི་བར་བྱེད་དེ།།རོ་མངར་བ་ནི་བད་ཀན་བསྐྱེད་པར་བྱེད་པ་ཡིན་ཡང༌།།སྦྲང་རྩིས་བད་ཀན་ཞི་བར་བྱེད་པ་ནི།མི་མཐུན་པ་མི་འཕྲོད་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ།།དེ་ལྟར་ན་རིགས་མཐུན་པའི་སྤྱོད་པ་མཚན་ཉིད་འདྲ་བ་ལས་ཀྱང་གང་ཞིག་གང་གིས་ཟིལ་གྱིས་མནན་ནས་རང་རྒྱུད་དུ་གྲུབ་པ་ཡིན་པར་སོམ་ཉིར་གྱུར་པ་དེ་དགག་པར་བྱ་བའི་ཕྱིར་འདིར་སྨྲས་པ་ནི།རོ་དང་འཇུ་བའི་མཐུ་དག་ནི།།དེ་ཡི་སྟོབས་ཀྱིས་ཟིལ་གྱིས་གནོན།།ཞེས་བྱ་བ་ལ་རོ་དང་ནུས་པ་དང་འཇུ་བ་དང༌།སྟོབས་རྣམས་ནི་ཇི་ལྟར་ལྷན་ཅིག་སྦྱར་ཞིང་ནུས་པ་མཉམ་པ་ཡིན་དུ་ཟིན་ཀྱང༌།རང་བཞིན་གྱིས་འཇུ་བས་ནི་རོ་ཟིལ་གྱིས་གནོན་ཏེ།དེ་ཡི་ནུས་པ་མེད་པར་བྱས་ནས་རང་གི་བྱ་བ་བསྟན་པའི་སྒོ་ནས་དེའི་ནུས་པ་ཟིལ་གྱིས་མནན་ནས་རང་གི་ནུས་པ་གསལ་བར་བསྟན་ཏོ།དེ་བཞིན་དུ་རོ་དང་འཇུ་བ་དེ་གཉིས་ཀྱང་མཐུས་ཟིལ་གྱིས་གནོན་ལ།རོ་དང་འཇུ་བ་དང་མཐུ་དེ་རྣམས་སྟོབས་ཀྱིས་ཟིལ་གྱིས་གནོན་པ་ཡིན་ནོ།རོ་སོགས་དེ་ལྟར་སྟོབས་ནི་མཉམ།མ་བཅོས་པ་ནི་སྟོབས་དང་ལྡན།།ཞེས་བྱ་བ་ལ་རོ་དང་འཇུ་བ་དང་མཐུ་དང་སྟོབས་རྣམས་ནི་དེ་ལྟར་ཞེས་པ་རྣམ་པ་འདིས་སྟོབས་མཉམ་ཞིང་མཚུངས་པ་ཡིན་ལ།དེའི་སྟོབས་ནི་རོ་ལ་སོགས་པར་དམིགས་ནས་མ་བཅོས་པ་གང་ཡིན་པ་དེ་ནི་སྟོབས་དང་ལྡན་པར་བཤད་དེ།རྫས་གང་གིས་རོ་མངར་བ་དེ་ཇི་སྐད་བཤད་པ་བཞིན་དུ་འཇུ་པ་མངར་བ་དང་ལྡན་པ་དང༌།དེ་བཞིན་དུ་ནུས་པ་བསིལ་བ་དང་ལྡན་པ་ནི་སྟོབས་ཆེ་བ་ཡིན་ལ།དེ་བཞིན་དུ་རོ་སྐྱུར་ཇི་སྐད་བཤད་པའི་ཞུ་རྗེས་སྐྱུར་བ་དང་ལྡན་ཞིང།དེ་བཞིན་དུ་ཚ་བའིནུས་པ་དང་བཅས་པ་དང༌།དེ་བཞིན་དུ་རོ་ཚ་བ་ཡང་ཞུ་རྗེས་ཀྱང་ཚ་ཞིང་ནུས་སཚབ་དང་ལྡན་པ་དང༌།དེ་བཞིན་དུ་འོ་མ་ཆང་ན་ལེ་ཤམ་ལ་སོགས་པ་ལས།འོ་མ་ནི་རོ་མངར་ལ་འཇུ་བ་དང་ནུས་པ་བསིལ་བ་དང༌།ཆང་ནི་རོ་སྐྱུར་ལ་འཇུ་བ་དང་ནུས་པ་དྲོ་བ་དང༌།ན་ལེ་ཤམ་ཡང་རོ་ཚ་ལ་འཇུ་བ་དང་ནུས་པ་དྲོ་བར་བྱེད་པ་སྟེ།སྨན་དེ་དག་ནི་རོ་དང་འཇུ་བ་དང་ནུས་པ་དང་སྟོབས་དག་མཉམ་པས།མ་བཅོས་པའི་སྟོབས་དང་ལྡན་པ་ཞེས་བྱ་བ་ཡིན་པར་ཤེས་པར་བྱའོ།།ཁོ་བོ་ཅག་གིས་རོ་དང་འཇུ་བ་དང་ནུས་པའི་རང་བཞིན་ཇི་ལྟ་བུ་ཡིན་པ་ནི་ལས་རྗེས་སུ་དཔགས་པས་ཤེས་ན་མཐུ་ཞེས་བྱ་བའི་རང་བཞིན་ཤེས་པར་དཀའ་བས།དེ་མི་ཤེས་པས་ཐེ་ཚོམ་དུ་གྱུར་ན་མཐུ་ནི་གང་ཞིག་ཡིན།གང་ལས་ནི་རྗེས་སུ་དཔགས་པར་བྱ་ཞེ་ན།འདིར་སྨྲས་པ་ནི།རོ་སོགས་མཉམ་པའི་ལས་གང་ཡིན།།ཁྱད་འཕགས་དེ་ནི་མཐུ་ལས་སྐྱེས།།ཞེས་བྱ་བ་ནི།རོ་ལ་སོགས་པ་མཉམ་ཞིང་མཚུངས་པ་ཉིད་ཀྱིས་ལས་གང་ཁྱད་པར་དུ་འཕགས་པ་སྨན་གང་ལ་སྣང་བ་དེ་ནི་མཐུ་ལས་སྐྱེ་བ་ཡིན་པར་ཤེས་པར་བྱའོ།།རྗེས་སུ་དཔགས་པ་དེ་ཡང་མཐུ་ཞེས་བྱ་བར་ཤེས་པར་བྱ་སྟེ།འདི་ནི་རྫས་ཀྱི་མཐུ་ཡིན་ནོ།དེ་ཡང་སྨན་གཉིས་རོ་དང་ཞུ་རྗེས་ནུས་པ་གསུམ་མཉམ་དུ་ཟིན་ཀྱང་ལས་ནི་མི་མཐུན་པར་བྱེད་དེ།ཁག་གཅིག་གིས་འཁྲུ་བར་བྱེད་ཅིང་ཁག་གཅིག་གིས་འཁྲུ་བ་གཅོད་པར་བྱེད་དོ།།དེས་ན་སྟོབས་ཀྱི་སྟོབས་ཉིད་ཡོད་པ་ཉིད་དུ་ཤེས་པར་བྱའོ།དེ་ལྟར་ན་སྨན་རེ་རེའི་འཇུག་པ་དང་ལྡོག་པའི་མཚན་ཉིད་ཅན་གྱི་ཆོས་རང་གི་རང་བཞིན་དངོས་པོ་རྐྱེན་སྣ་ཚོགས་པ་ལས་བྱུང་བ།ངེས་པར་བྱེད་པའི་མཚན་ཉིད་ཅན་དེ་ནི་མཐུ་ཞེས་བྱ་སྟེ།དངོས་པོ་གཞན་གྱི་མཐུ་ནི་མ་ཡིན་ཏེ།དན་ཏི་དང་ནི་ཙི་ཏྲ་ཀ།རོ་སོགས་མཚུངས་ཀྱང་དན་ཏིས་འཁྲུ།ཤིང་མངར་རྒུན་འབྲུམ་འདྲ་ཡང་འཁྲུ།།འོ་མ་མར་འདྲ་མར་དྲོད་བསྐྱེད།།ཅེས་སོགས་གསུངས་སོ།
 
གསུམ་པ།རོ་ནུས་ཞུ་རྗེས་མཐུན་དགོས་པར་གདམས་པ།
 
དེ་ཡང་རོ་ནུས་ཞུ་རྗེས་མཐུན་དགོས་པར་གདམས་པ་ནི།རོ་ནུས་ཞུ་རྗེས་རྣམས་མི་མཐུན་ན།འོག་མས་གོང་མ་ཟིལ་གྱིས་གནོན་པའི་རྒྱུ་མཚན་དེ་ལྟ་བས་ན།དེ་གསུམ་གང་གོང་དུ་སྨྲོས་པ་ལྟར། ཐམས་ཅད་མཐུན་པ་གཅིག་བྱུང་ན་རོ་ཡིས་ལས་བྱེད་པ་ཡིན་ཞེས་བྱ་བ་ལ།རོ་བཞིན་མི་གནོད་ཅེས་པ་རོའི་དབང་དུ་བྱས་ན་རླུང་མཁྲིས་བད་ཀན་གང་རུང་ལ་མི་གནོད་པའི་སྨན་ཞིག་བྱུང་ཕྱིར། ཞུ་རྗེས་ཀྱིས་ལས་བྱེད་པ་ཞེས་བྱ་ལ་དེ་ཡང་སྨན་གང་ཞིག་རོའི་དབང་དུ་བྱས་ན།རླུང་མཁྲིས་བད་ཀན་གང་རུང་ལ་གནོད་པར་རིགས་ཀྱང་མི་གནོད་པར་ཕན་པར་འགྱུར་བ་ནི།རོ་ལས་གོ་བཟློག་པ་ཞེས་བྱ་སྟེ།ནུས་པས་ལས་བྱེད་པར་འགྱུར་བ་ཡིན་པས་དེས་ན་ཐང་ཕྱེ་སོགས་སྦྱོར་བ་གང་ཡང་རུང་བ་ཐམས་ཅད་རོས་ལས་བྱེད་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་ནས་གཏོང་བ་དང༌།དེ་བཞིན་དུ་ནུས་པས་ལས་བྱེད་པ་རྣམས་ཀྱང་ཕྱོགས་གཅིག་ཏུ་བསྡེབས་ནས་གཏོང༌།དེ་བཞིན་དུ་ཞུ་རྗེས་ཀྱིས་ལས་བྱེད་པ་རྣམས་ཀྱང་ཕྱོགས་གཅིག་ཏུ་བསྡེབས་ཏེ་སྦྱར་དགོས་ཤིང།དེ་ལྟ་བུའི་སྦྱོར་ཚུལ་མ་ཤེས་པར་བབ་ཆོལ་དུ་སྦྱར་བའི་ཚེན་ཞུ་རྗེས་ཀྱི་ལས་བྱེད་པ་ཤུགས་ཆེ་ན་རོའི་ནུས་པ་གསོད་ཅིང་ནུས་པས་ལས་བྱེད་པ་ཤུགས་ཆེ་ན་སྔ་མ་གཉིས་ཀའི་ནུས་པ་ལྷག་མེད་དུ་གཏོང་བས།དེའི་ཕྱིར་རོ་ནུས་ཞུ་རྗེས་ཀྱི་ལས་བྱེད་ཚུལ་རྣམས་ནི་མཁས་པ་རྣམས་ཀྱིས་ཁོང་དུ་ཆུད་པར་བྱས་ནས་སྨན་གྱི་སྦྱོར་བ་བྱེད་པ་ནི་མན་ངག་གི་ཁྱད་ཆོས་བླ་ན་མེད་པའོ།།གལ་ཏེ་སྦྱོར་ཚུལ་དེ་ལྟ་བུ་མ་ཤེས་ན།རྒྱུད་ཆེན་ཉིད་ལས་ཇི་ལྟར་བཤད་པ་ལྟར་ཉམས་སུ་ལེན་དགོས་ཏེ།སྤྱི་བོའི་གཙུག་ནས་རྐང་མཐིལ་ཡན་ཆད་ཀྱི།།ནད་ཀྱི་རིགས་སུ་གྱུར་པའི་བཅོས་ཐབས་ཀུན།།ལག་ལེན་མན་ངག་རྒྱུད་ཆེན་འདིའི་ནང་དུ།བརྩེ་བའི་སེམས་ཀྱིས་དྲང་སྲོད་ཁྱེད་ལ་བཤད།།ཅེས་ནད་སྣ་རེ་རེ་ལ་སྨན་གྱི་སྦྱོར་བ་རེ་རེ་གསུངས་འདུག་པ་ལྟར་ཉམས་སུ་བླང་བར་བྱའོ།།
(མཁའ་འགྲོ་སྐྱབས།བློ་བཟང་དོན་གྲུབ།)
 
བསམ་གཞིགས།
༡རོ་དྲུག་མས་ནས་ཡར་གོ་རིམ་བཞིན་དུ་འཚོ་བྱེད་སྟོབས་ཆེན་ཡིན་པའི་རྒྱུ་མཚན་ཅི།
༢སྨན་གྱི་ནུས་སྟོབས་ཡོན་ཏན་ཐམས་ཅད་རོ་ལ་བརྟེན་ཚུལ་ཇི་ལྟར་ཡིན།
༣གཉེན་པོ་སྨན་གཅིག་ལ་རོ་དང་ཞུ་རྗེས།ནུས་པ་སོགས་མི་མཐུན་པ་འབྱུང་བའི་རྒྱུ་མཚན་ཅི།
༤སྨན་རྣམས་མཐུན་སྡེབས་ཀྱི་སྦྱོར་ཚུལ་གྲངས་གསུམ་དུ་ངེས་པའི་རྒྱུ་མཚན་ཅི།
༥སྨན་གྱི་རོ་དང་ཞུ་རྗེས།ཡོན་ཏན།ནུས་པ།མཐུ།སྟོབས་བཅས་ཀྱི་བར་ལ་འབྲེལ་བ་ཅི་ཞིག་ཡོད།
༦རོ་ནུས་ཞུ་རྗེས་སོགས་མ་བཅོས་པ་ཞེས་པ་གེགང་འདྲ་ཞིག་ལ་ངོས་འཛིན་དགོས།

Leave a Reply

Be the First to Comment!

Notify of
avatar
wpDiscuz